མཁན་པོ་ངག་དབང་འབྱོར་ལྡན། Khenpo Ngawang Jorden

From Buddha-Nature

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile

སྤྱི་ལོ་ ༡༩༥༦ ལོར་བོད་ཀྱི་ས་གནས་གམ་པ་རྫོང་ནང་གི་གྲོང་གསེབ་གྲང་ལུང་ལ་འཁྲུངས་ནས་ཡུན་རིང་མ་ཕྱིན་པར་འབྲས་ལྗོངས་སུ་གནས་སྤོས་བྱས་ཤིང་ལ་ཆུང་ལ་སྐུ་ནར་སོན། དགུང་ལོ་ ༡༢ ་ལ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་དབེན་ཅན་སློབ་གྲྭར་འཛུལ་ཞུགས་བྱས་ནས་སློབ་ཚན་འདྲ་མིན་སློབ་སྦྱོང་དང་། དགུང་ལོ་ ༡༤ ་ལ་ས་ངོར་ཆོས་ཚོགས་དགོན་པར་གྲྭ་པ་མཛད་དེ། ཆོ་ག་ཕྱག་ལེན་དང་། གདོན་སྤུར་དང་གཏོར་བཟོ་དཀར་རྒྱན། ཐིག་རྡུལ་མཚོན་སོགས་ཀྱི་སློབ་སྦྱོང་ལོ་ཤས་ནང་ཚར་ནས་ཞི་བར་གཤེགས་པ་མཁན་ཆེན་བློ་གྲོས་བཟང་པོའི་མདུན་ནས་གཞུང་ཆེན་ཁག་མང་པོའི་བཀའ་ཁྲིད་ཞུས། སྤྱི་ལོ་ ༡༩༧༥ ་ལོར་རྒྱ་གར་གྱི་ས་གནས་མ་སུ་རིར་ས་སྐྱ་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་མཛད། ལོ་བཅུ་ཙམ་གྱི་རིང་མཁན་ཆེན་ཨ་པད་རིན་པོ་ཆེ་ནས་གཞུང་ཆེན་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད་སོགས་མདོ་ཕྱོགས་དང་། སྤྱི་ལྗོན་བརྟག་གསུམ་སོགས་སྔགས་སྐོར་སློབ་སྦྱོང་བྱས་ཏེ་བཀའ་བཅུ་པ་དང་སློབ་དཔོན་གྱི་ལག་ཁྱེར་བཞེས་ནས་མཐོ་སློབ་ཏུ་སྐྱོར་དཔོན་དང་དཔེ་ཁྲིད་དགེ་རྒན་དེ་བཞིན་དུ་འཛིན་སྐྱོང་གནང་མཚམས་ཨ་རིར་ཕེབས་ཏེ། ཐོག་མར་ California Institute of Integral Studies (CIIS) མཐོ་སློབ་ཁང་དུ་སློབ་དཔོན་གྱི་ལག་ཁྱེར་ (M.A.) དང་། མཐོ་སློབ་ཆེན་པོ་གྲགས་ཅན་ Harvard University ་ལ་འཛམ་གླིང་གི་ཆོས་ལུགས་འདྲ་མིན་གྱི་སྐོར་སློབ་གཉེར་བྱས་ནས་ Master of Theological Studies (MTS) ་ཞེས་པའི་ལག་ཁྱེར་བཞེས། དེ་ནས་མུ་མཐུད་དེ་འབུམ་རམས་པའི་སློབ་སྦྱོང་དང་རིགས་གཅིག་རྐང་འཛིན་གྱི་ཞིབ་འཇུག་མཛད་ནས་སྤྱི་ལོ་ ༢༠༠༣ ་ལ་ལག་ཁྱེར་བཞེས་པ་དང་། ལོ་མང་རིང་ University of Chicago ་ནང་ཆོས་དང་བོད་ཀྱི་སྐད་ཡིག་གི་དགེ་རྒན་མཛད། སྤྱི་ལོ་ ༢༠༠༡ ་ནས་ ༢༠༠༩ ་བར་ལོ་ལྟར་བལ་ཡུལ་དུ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ལ་རྒྱལ་སྤྱིའི་སློབ་གཉེར་བ་རྣམས་ལ་ནང་ཆོས་སློབ་ཁྲིད་བཤད་ཅིང་། སྤྱི་ལོ་ ༢༠༠༩ ་ནས་ ༧ སྐྱབས་མགོན་གོང་མ་ཁྲི་ཆེན་ ༤༡ པ་ཆེན་པོ་མཆོག་དང་མཁན་ཆེན་ཨ་པད་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་བཞིན་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་འགན་འཛིན་མཛད་དེ། ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་ནང་ཆོས་ངོ་སྤྲོད་དང་འཆད་སྤེལ་གནང་བཞིན་བཞུགས།།

གཏམ་བཤད་བཅུད་དོན། Abstract

བདེ་གཤེགས་སྙིང་པོའི་ཆོས་སྐོར་བགྲོ་གླེང་གི་གཏམ་བཤད་བཅུད་དོན།
མཁན་པོ་ངག་དབང་འབྱོར་ལྡན།


༄༅། །བདེ་གཤེགས་སྙིང་པོའི་ཆོས་སྐོར་བགྲོ་གླེང་གི་སྐབས་འདིར་གུས་པས་གཏམ་བཤད་བྱ་རྒྱུའི་བརྗོད་གཞི་ནི། དུས་རབས་བཅུ་ལྔ་པའི་ནང་བྱོན་པའི་དཔལ་ལྡན་ས་སྐྱ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ཞུ་བ་ཁོང་གི་གསུང་། སྡོམ་གསུམ་ཁ་སྐོང་ཞེས་བའི་བསྟན་བཅོས་གཞི་ལམ་འབྲས་བུ་གསུམ་གྱི་ལེའུའི་བདག་ཉིད་ཅན་ལས་གཞིའི་ལེའུ་དེ་ཁམས་བདེ་གཤེགས་སྙིང་པོའི་སྐོར་རེད་འདུག་པ་དེ་ཡིན།
དེ་ཡང་དགག་བཞག་གཉིས་ཀྱི་སྒོ་ནས་བཤད་པ་གནང་གི་འདུག་པ་བཞིན། དང་པོར་དགག་ཡུལ་རྒྱལ་ཚམ་དར་མ་རིང་ཆེན་རྗེས་འཇུག་རྣམས་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་རྗེས་འཇུག་ཡིན་པར་ཁས་ཆེ་བ་རྣམས་དང་། བུ་སྟོན་རིན་ཆེན་གྲུབ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་དང་། ཁོང་རྣམ་གཉིས་ཀྱི་རྗེས་འཇུག་རྣམས་ཀྱི་བདེ་སྙིང་འདོད་ཚུལ་ངོས་བཟུང་ཞིང་དེ་དག་ཇི་ལྟར་དགག་ཚུལ་དང་། དེ་ནས་མཐར་གོ་རམས་པ་རང་ཉིད་ཀྱི་བདེ་གཤེགས་སྙིང་པོའི་ངོས་འཛིན་གང་ཡིན་སྙན་སྒྲོན་ཞུ་རྒྱུ་ཡིན།