Back to text page · Switch to: Tibetan
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། རང་སེམས་འོད་གསལ་གཏན་ལ་དབབ་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་སངས་རྒྱས་སུ་གནས་པ་དང་། དེའི་གློ་བུར་གྱི་རྣམ་པར་རྟོག་པའི་དྲི་མ་སྦྱང་བ་དང་། སྙིང་པོ་ཡེ་ཤེས་ཀྱི་འཆར་ལུགས་སོ།། རང་གི་སེམས་རང་བཞིན་འོད་གསལ་བ་ནི། དོན་དང་དཔེ་དང་རང་བཞིན་ནོ།། དོན་གསུམ་སྟེ་སེམས་ཅན་ཐམས་ཅད་ལ་ཆོས་སྐུའི་རང་བཞིན་དྲི་མ་མེད་པ་དང་། དེ་བཞིན་ཉིད་སངས་རྒྱས་དབྱེར་མེད་པ་དང་། སངས་རྒྱས་ཀྱི་རིགས་ཡོད་པའོ།། དཔེ་དགུ་སྟེ། རང་བཞིན་སངས་རྒྱས་ཀྱི་ཁམས་སུ་གནས་པའི་སེམས་ཅན་རྣམས་གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པ་ནི། སངས་རྒྱས་ཀྱི་སྐུ་པད་མའི་སྦུབས་ན་གནས་པ་དང་། སྦྲང་རྩི་སྦྲང་མ་དང་། སྦུན་པ་འབྲུ་དང་། མི་གཙང་བའི་ནང་དུ་གསེར་དང་། ས་ལ་གཏེར་དང་། འབྲས་བུའི་ནང་ན་ཤིང་དང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་། བུད་མེད་ནང་ན་འཁོར་ལོས་སྒྱུར་བ་དང་། འཇིམ་པའི་ནང་ན་རིན་པོ་ཆེའི་ལུགས་མ་ཡོད་པ་བཞིན་ནོ།། ཆོས་ཀྱི་སྐུ་གསུམ་སྟེ། རང་གི་སེམས་ཀྱི་རང་བཞིན་ཆོས་ཉིད་དྲི་མ་མེད་པ་སངས་རྒྱས་ལྟ་བུ་དང་། དེ་རྟོགས་པའི་ཆོས་ཟབ་མོ་རོ་གཅིག་པ་སྦྲང་རྩི་ལྟ་བུ་དང་། ཐེག་པ་སྣ་ཚོགས་ཀྱི་ཚུལ་སྦུན་པའི་སྙིང་པོ་ལྟ་བུ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང་། ཤེས་རབ་དང་ཐབས་ཀྱི་ལམ་གྱི་ཁྲིད་དོ།། དེ་བཞིན་ཉིད་འགྱུར་བ་མེད་༼༡ བ༽པ་ནི། གསེར་ལྟར་དྲི་མས་མ་གོས་པ་དབྱེ་བ་མེད་པའོ།། རིགས་ལྔ་སྟེ། སེམས་ཅན་ལ་རང་བཞིན་གྱི་རིགས་རིན་པོ་ཆེའི་གཏེར་ལྟ་བུ་དང་། རྟོགས་པ་ཡང་དག་པར་བླངས་པའི་རིགས་འབྲས་བུའི་ཤིང་ལྟ་བུ་དང་། ཆོས་ཀྱི་སྐུའི་རིགས་རིན་པོ་ཆེའི་སྐུ་ལྟ་བུ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་རིགས་འཁོར་ལོ་སྒྱུར་བ་ལྟ་བུ་དང་། སྤྲུལ་པའི་སྐུའི་རིགས་གསེར་གྱི་གཟུགས་བརྙན་ལྟ་བུའོ།། འདོད་ཆགས་ཀྱི་བག་ལ་ཉལ་པད་མ་ལྟ་བུ་དང་། ཞེ་སྡང་སྦྲང་མ་དང་། གཏི་མུག་སྦུན་པ་དང་། དུག་གསུམ་ཀུན་ནས་ལྡང་བ་མི་གཙང་བ་དང་། མ་རིག་པའི་བག་ཆགས་ཀྱི་ས་དང་། མཐོང་སྤང་ས་བོན་གྱི་སྦུན་པ་དང་། སྒོམ་སྤང་གོས་ཧྲུལ་བ་དང་། མ་དག་པའི་ས་བདུན་མངལ་ལྟ་བུ་དང་། འབྲས་བུའི་ས་གསུམ་ནམ་མཁའ་ལྟ་བུ་སྟེ། ཁམས་གསུམ་གྱི་སོ་སོ་སྐྱེ་བོ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཞི་དང་། གཅིག་དང་། གཉིས་གཉིས་ཀྱི་མ་དག་པས་དྲི་མ་དང་ལྡན་ནོ།། རང་བཞིན་གསུམ་སྟེ། རང་གི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་མ་རྟོགས་པ་སོ་སོ་སྐྱེ་བོ་དང་། འོད་གསལ་བའི་ཕྱོགས་རེ་མཐོང་བ་འཕགས་པ་དང་། འོད་གསལ་བའི་དོན་མཐའ་དག་རྟོགས་པས་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཏེ། ས་དང་ཟངས་དང་གསེར་༼༢ ན༽གྱི་སྣོད་ཀྱི་ནམ་མཁའ་ལྟ་བུའོ།། སོ་སོ་སྐྱེ་བོའི་སེམས་ཀྱི་རང་བཞིན་འོད་གསལ་བ་ནི་ནམ་མཁའ་ལྟ་བུ་རྩ་བ་མེད་པའི་རྩ་བ་ཅན་བཙལ་བས་དམིགས་པའི་ཡུལ་འགའ་ཡང་མ་མཐོང་བའོ།། དེའི་དོན་རྟོགས་པའི་གེགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དངོས་པོར་ཞེན་པའི་རྣམ་པར་རྟོག་པ་རླུང་ལྟ་བུ་དག་གི་རྩ་བ་ཅན་དང་། དེ་སྔོན་དུ་འགྲོ་བས་དུག་རྣམ་པ་གསུམ་བག་ལ་ཉལ་ལས་ཀུན་ནས་ལྡང་བའི་ཉོན་མོངས་པ་དང་། ལས་བཅུ་ལྟ་བུ་མི་གནས་པའི་རྩ་བ་ཅན་འབྱུང་བ་དང་། དེ་ལས་ཁམས་གསུམ་དུ་སྐྱེ་བ་ལྟ་བུ་སྙིང་པོ་མེད་པའི་རྩ་བ་ཅན་དུ་འཇུག་པས་འཁོར་བའི་སྡུག་བསྔལ་མྱོང་བའོ།། འཕགས་པའི་སེམས་འོད་གསལ་བ་ནི། ཁམས་འོད་གསལ་བའི་ཕྱོགས་རེ་རྟོགས་པས་འཁོར་བར་སྐྱེ་བ་ལ་སོགས་པ་དང་བྲལ་ཡང་རྐྱེན་མ་རིག་པའི་བག་ཆགས་ཀྱིས་ཉོན་མོངས་པའི་ན་བ་ལས་རྒྱུ་ཟག་པ་མེད་པའི་མངོན་པར་འདུ་བྱེད་པའི་རྒ་བ་དང་། དེའི་འབྲས་བུ་ཀུན་འབྱུང་བ་ཡིད་ཀྱི་ལུས་ཀྱི་སྐྱེ་བ་ཟག་པ་མེད་པའི་དབྱིངས་སུ་གནས་པ་དང་། འཇིག་པའི་མཚན་ཉིད་ཡིད་ལུས་འགྲུབ་བསམ་པས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་མྱང་ངན་ལས་འདས་པའི་སྡུག་བསྔལ་གྱིས་མ་དག་པའོ།། སངས་རྒྱས་ཀྱི་སེམས་འོད་གསལ་༼༢ བ༽བ་ནི། སེམས་འོད་གསལ་དོན་རྟོགས་པས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་སྟེ། རྟག་པ་དང་། བརྟན་པ་དང་། ཞི་བ་དང་། གཡུང་དྲུང་ཆོས་ཀྱི་སྐུ་ཐོབ་པའོ།། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གནས་པའི་གློ་བུར་གྱི་རྣམ་པར་རྟོག་པའི་དྲི་མ་སྦྱང་པ་ནི། འབྲས་བུ་ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་དང་། རྒྱུ་རང་བཞིན་དག་པའི་ཁམས་བསྒོམ་པ་དང་། རྐྱེན་ལམ་ལ་གནས་པའོ།། དང་པོ་ནི་རང་གི་སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་བཙལ་བས་གང་དུ་ཡང་མ་གྲུབ་པའི་འོད་གསལ་བ་དང་། རྣམ་པར་རྟོག་པ་འབྱུང་བ་གློ་བུར་བ་དང་། དེ་གཉིས་རྟོགས་པ་ནི་དཀོན་མཆོག་གསུམ་མོ།། རྒྱུ་རང་བཞིན་དག་པ་ནི། རང་སེམས་ཆོས་ཀྱི་སྐུར་བསྒོམ་པ་ནི། རང་སེམས་དེ་བཞིན་ཉིད་དུ་བསྒོམ་པ་དང་། རང་སེམས་སངས་རྒྱས་ཀྱི་རིགས་སུ་བསྒོམ་པའོ།། དང་པོ་ལ་གསུམ་ཏེ། རང་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དྲི་མ་མེད་པ་བློ་ལས་འདས་པས་བསམ་དུ་མེད་པའི་ཟབ་མོའི་དོན་བརྗོད་དུ་མེད་པ། ཐེག་པ་སྣ་ཚོགས་སུ་བརྗོད་པས་ངེས་དོན་དུ་གཅིག་པའོ།། རང་སེམས་དེ་བཞིན་ཉིད་དུ་སྒོམ་པ་ནི། སེམས་ཅན་གྱི་དུས་ན་རང་བཞིན་དག་པ་ལ་དྲི་མ་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་། འཕགས་པའི་དུས་ན་རང་བཞིན་དྲི་མ་མེད་པ་ལ་དག་པ་་་་་་།། མཇུག་མེད།