Back to text page · Switch to: EnglishTibetan
དད་པའི་གཞི་བརྟན་འདུན་པའི་རྩ་བ་བཟང་པོ་ཅན། །སེམས་དཔའི་རང་གཞན་བསམ་པའི་སྡོང་པོས་རྣམ་མཛེས་ཤིང་། །སྒྲུབ་པའི་མེ་ཏོག་རབ་རྒྱས་བསྡུ་བའི་གྲིབ་བསིལ་ཅན། །གཞན་དོན་འབྲས་བུ་མངར་ལྡན་འཕགས་པའི་ལྗོན་ཚོགས་ཁྱེད། ། རང་བཞིན་མཁར་གནས་ཚུལ་མིན་ཡིད་བྱེད་ཀླུས་སྤྲུལ་པ། །གཏི་མུག་སྤྲིན་ཚོགས་ཆགས་པའི་གློག་གི་ཕྲེང་བ་ཅན། །ཞེ་སྡང་འབྲུག་སྒྲ་ཆེམ་ཆེམ་སྒྲོག་པ་ལས་འཐོན་པ། །ཉེས་སྤྱོད་གནམ་ལྕགས་འབར་བས་ཕོག་པར་མ་གྱུར་ཅིག ། སྐྱེ་བའི་རྗེས་འོངས་ན་དང་རྒ་བའི་མཆེ་རྣོན་ཅན། །མི་རྟག་ལུས་ཅན་འཆི་བདག་སྲིན་པོ་ལྟར་འོངས་ནས། །ངན་འགྲོ་བ[ལ]་གནས་སྡུག་བསྔལ་མུན་ཆེན་མཐའ་ཡས་པར། །སྐྱེ་བོའི་ཚོགས་འདི་དབང་མེད་ཁྲིད་ཅིང་ངེས་པར་བསམ། ། སྡུག་བསྔལ་མང་ལྡན་འདི་འདྲའི་གཡང་ས་དྲན་བྱས་ནས། །བག་ཡོད་སྟོབས་སྐྱོད་ལུས་དང་སྲོག་ལ་མི་འཕངས་ལྟར། །ཉོན་མོངས་དགྲ་ཚོགས་གཞོམ་ལ་ལྷོད་པ་མེད་ཡིད་ཀྱིས། །བརྩོན་པའི་གོ་བགོས་བཟོད་པའི་བསྲན་ནི་ལེགས་གཟུགས་བྱ། ། འཆི་བདག་དཔུང་འཇོམས་སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་པ། །བདེ་བའི་འབྱུང་གནས་རིན་ཆེན་བྱང་ཆུབ་སེམས་བསྐྱེད་དེ། །བདག་དོན་ལྷུར་བྱེད་སྲིད་དང་ཞི་བའི་སྐྱེ་བོ་ལ། །དམན་པར་བལྟས་ནས་སྙིང་རྗེའི་ཡུལ་དུ་གཉིས་ཀ་བཞག ། ཐར་པའི་ཁང་བཟང་ཕ་རོལ་ཕྱིན་དྲུག་ཐེམ་སྐས་ཅན། །བག་ཆགས་སྤངས་པའི་རྭ་བ་བརྟན་པོས་ཡོངས་སྐོར་བ། །ཡེ་ཤེས་རྩིག་པ་གཞན་དོན་རྔ་སྒྲས་མཛེས་པ་དེར། །བདག་ཉིད་འཛེགས་ནས་གཞན་ཡང་དྲང་བའི་ཐབས་ལ་འབད། ། སངས་རྒྱས་བསྟན་པ་སྡུག་བསྔལ་ནད་ཀུན་ཞི་བྱེད་པའི། །བདུད་རྩི་མཆོག་འདི་རྙེད་ནས་དོན་མེད་མི་འགྱུར་ཕྱིར། །ཐུབ་མཆོག་གིས་བཅས་བསླབ་གཞི་རྣམས་ལས་མི་འདའ་བར། །བརྟུལ་ཞུགས་ལེགས་བསྲུང་བཤེས་གཉེན་བཟང་ལ་རབ་བསྟེན་བྱ། ། ཆོས་སྤྱོད་ལ་བརྩོན་ཡིད་བཞིན་གཞན་དོན་ལྷུར་ལེན་པ། །འགྲོ་བ་དད་གྱུར་དམ་པའི་སྤྱོད་པ་རྗེས་སུ་བརྟེན། ། བཤེས་གཉེན་སྤྲིན་ལས་ལེགས་བྱུང་མང་དུ་ཐོས་པ་ཡི། །ཆར་རྒྱུན་བསིལ་བས་ཉོན་མོངས་གདུང་བ་ཞི་བྱེད་ཀྱིས། །བདེ་གཤེགས་སྙིང་པོའི་ས་བོན་རབ་ཏུ་བརླན་བྱས་ནས། །སངས་རྒྱས་ཡོན་ཏན་ཕུན་ཚོགས་ལོ་ཏོག་རབ་རྒྱས་བྱ། ། ཆོས་རྣམས་རང་བཞིན་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་དབང་ཕྱུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩ་བཞིན་དོར། ། པཎྜི་ཏ་ཞེས་རབ་གྲགས་འདིར་འོངས་ཕལ་ཆེར་ཡང་། །གཞུང་ལུགས་མི་མཁས་རང་གི་ངན་རྟོག་གིས་ཁྲིད་ཅིང་། །མཐའ་གཉིས་ལ་འཆོལ་ཡང་དག་ལམ་ལ་སུན་འབྱིན་པས། །དེ་དག་ཚིག་གིས་ཀླུ་སྒྲུབ་ཀྱིས་བཤད་ལམ་མི་འདོར། ། དོན་རྣམས་རིགས་པའི་སྟོབས་ཀྱིས་རྣམ་འགར་གནས་འདོད་དང་། །འདུས་བྱས་ལམ་འདས་དེ་ཉིད་ཚད་མ་ངེས་འཛིན་པ། །གཉིས་ཀ་དངོས་འཛིན་གདོན་ཆེན་མི་ཟད་ཁར་སོང་ནས། །ལྟ་བའི་མཆེ་བ་རྣོན་པོས་དམ་དུ་ཟིན་པ་ཡིན། ། འདུ་བྱེད་ཚོགས་འདི་མེད་ཅེས་ཡིད་ལ་མི་གནས་པར། །སྣང་དོན་ཉིད་དམ་དེ་ལ་ཡང་དག་འགོག་སྨྲ་བའི། །མི་དེ་གཉིས་ཀྱང་ཚད་མའི་ལམ་ལས་རྣམ་ཉམས་ནས། །ལོག་ལྟའི་མྱ་ངན་རྒྱ་ཆེན་ཐང་དུ་ངེས་པར་ལྷུང་། ། སྒྱུ་མ་གཉིས་མེད་ཆོས་ཀུན་མི་གནས་དབུ་མ་ཡི། །ལུགས་གཉིས་རྣམ་འབྱེད་དེ་ཡང་རྨོངས་པ་མཚར་བསྐྱེད་ཡིན། །དགག་པ་གཙོར་འཛིན་རྗེས་དཔག་ཤེས་ལ་སྣང་བ་ཡི། །དངོས་ཚོགས་དགེ་བའི་བློ་དེས་སྒྲུབ་དང་དགག་མེད་པར། །ཚད་མ་རྣམ་གནས་དོན་གྱི་ཆ་རྣམས་སྤྱོད་པའི་བློས། །དོན་དེ་བཀག་ནས་གཞན་སྒྲུབ་མེད་ཅེས་ངེས་པར་བཟུང་། ། རྨི་ལམ་གྲོང་ཁྱེར་ཞིག་གོ་ཞེས། །འཛིན་པའི་རྣམ་རྟོག་གང་ཡིན་དེས། །བཏགས་དོན་གྲོང་གི་ཞིག་པ་ཉིད། །གྲོང་ཉིད་མེད་ན་མེད་པ་ལྟར། ། ཡང་དག་ཉིད་དུ་དངོས་མེད་ཅེས། །འཛིན་པའི་བློ་ཡིས་བཏགས་པའི་དོན། །ཡང་དག་བཀག་པ་མེད་ཉིད་ཀྱང་། །ཡང་དག་དངོས་པོ་མེད་པར་མིན། ། འདི་ལྟར་ཡུལ་མེད་པ་ལ་ནི། །དགག་པ་འཇུག་པ་སྲིད་མ་ཡིན། །དེས་ན་མེད་ཅེས་ངེས་བྱ་བ། །དགག་བྱའི་དངོས་པོ་མ་གྲུབ་པ། །དེ་ཚེ་དགག་པ་གཏན་བྲལ་ན། །བློ་ཡི་མདུན་དུ་གནས་མི་འགྱུར། ། དེ་ལྟར་དངོས་པོ་ཡོད་མིན་ལ། །དེ་དགག་པ་ཡང་མ་གྲུབ་ན། །དེ་གཉིས་ལས་འདས་དོན་འགའ་ཡང་། །འཛིན་པའི་ཡུལ་དུ་འགྲོ་མི་སྲིད། ། དེས་ན་ཤེས་བྱའི་མཚན་མ་ལས། །བློ་ཡི་གཡོ་བ་རྣམ་བཟློག་སྟེ། །སྤྲོས་ཚོགས་ཉེར་ཞི་བདག་མེད་པའི། །དོན་ལ་བློ་ནི་ལེགས་བཞག་བྱ། ། དེ་ལྟར་སྟོང་ཉིད་གོམས་པ་ལས། །དངོས་འཛིན་རབ་ཏུ་ཞི་བ་དང་། །བདག་མེད་ཉིད་ཀྱང་འཛིན་མེད་པ། །དེ་ཚེ་ཡང་དག་མཐོང་ཞེས་བྱ། ། གང་ཚེ་ལྟ་བའི་དྲི་མ་ཀུན། །ཡེ་ཤེས་ཆུ་བོས་རྣམ་སྦྱངས་པས། །དེ་ཚེ་ཤེས་དང་ཤེས་བྱ་དག །དམིགས་པ་མེད་པར་རབ་ཏུ་ཞི། ། དཔེར་ན་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་གཞན་[བཞིན་]ཆོས་སྐུ་ཞེས་བྱར་བརྗོད། ། དེ་རྗེས་ཤེས་བྱའི་རྗེས་འབྲངས་ཅན། །རྫུན་སྣང་འཇིག་རྟེན་ཇི་སྲིད་པ། །རིག་མཛད་མེ་ལོང་ལྟ་བུ་ནི། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་སོ། ། སྔ་མ་ཇི་ལྟ་ཉིད་མཁྱེན་ནི། །འཁྲུལ་མེད་མཉམ་བཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། ། སངས་རྒྱས་སྤྲུལ་པའི་སྐུ་ཚོགས་ནི། །གཞན་གྱི་རྣམ་རིག་སྣང་བ་སྟེ། །བརྒྱ་བྱིན་གཟུགས་བརྙན་ལ་སོགས་དཔེ། །མདོ་ནས་ཇི་སྐད་གསུང་དེ་བཞིན། ། དེ་ལྟར་ཐེག་ཆེན་བཀའ་ཚོགས་འོ་མའི་མཚོ་བསྲུབས་ལས། །སྐྱེས་པའི་བདུད་རྩི་བླ་མ་བརྒྱུད་པ་ལས་རྙེད་འདི། །གཞན་ཕན་ཉིད་ཀྱི་ཕྱོགས་སུ་རྒྱས་པར་བྱ་བའི་ཕྱིར། །སྤྲིང་ཡིག་ཚུལ་དུ་བགྱིས་ཏེ་ཁྱེད་ལ་གསོལ་བ་འདེབས། ། དམ་པ་ཁྱེད་ཀྱི་ཆོས་སྤྱོད་རབ་ཏུ་འཕེལ་བའི་རྒྱུ། །སེམས་བསྐྱེད་ཆོ་ག་ཡི་དམ་སྤྱོད་པ་དང་བཅས་འདི། །ལེགས་པར་ཞུ་་་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། །རྒ་སྟོན་ཤེས་རབ་གྲགས་ལ་སོགས་པ་གཙོང་ཁ་རུ་གསུམ་གྱི་དགེ་འདུན་ལ་སྤྲིངས་པའི་ཡི་གེ་བདུད་རྩི་ཐིག་ལེ་ཞེས་བྱ་བ་རྫོགས་སོ།།