Back to text page · Switch to: Tibetan
(འདིར་ཡིག་ནོར་དང་ཡིག་རྙིང་རྣམས་བཅོས་ཡོད། ཡིག་རྙིང་ཇི་བཞིན་གཟིགས་འདོད་ན་དབུ་མེད་དཔེ་རྙིང་ལ་གཟིགས་རོགས། Erroneous and archaic texts have been changed/corrected in this typescript. Those who wish to look at the original text can refer to the scans of original text in dbu med script.)
༼༡༤༦༽ ཨོཾ་སྭ་སྟི། ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་དོན་བཞི་སྟེ། སྤྱིའི་དོན་ལུས་རྣམ་པར་གཞག་པ་དང་། འབྲས་བུ་དཀོན་མཆོག་གི་དོན་དང་། དེ་སྒྲུབ་པར་བྱེད་པའི་རིགས་ཀྱི་དོན་དང་། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ།། དང་པོ་ལ་གསུམ་སྟེ། ལུས་ཀྱི་དངོས་པོ་འགོད་པ་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པའོ།། ལུས་ཀྱི་དངོས་པོ་འགོད་པ་ལ་གསུམ་ཏེ། བསྟན་པ་དང་། རྡོ་རྗེ་ལྟ་བུའི་དོན་དང་། གནས་ཀྱི་དོན་དང་དོན་བསྡུ་བ་བཞིས་སྒྲ་བཤད་པའི་དོན་དང་། འཇུག་པའི་གཞི་དང་། རྟོགས་པར་དཀའ་བ་ལུང་དང་སྦྱར་བའོ།། དེ་ལ་དྲུག་སྟེ། དཀོན་མཆོག་གསུམ་རྟོགས་པར་དཀའ་བ་ལུང་དང་སྦྱར་བ་དང་། ཁམས་རྟོགས་པར་དཀའ་བ་ལུང་དང་སྦྱར་བ་དང་། སྤངས་པའི་རང་བཞིན་དང་། དེ་ཉན་ཐོས་ལས་ཐུན་མོང་མ་ཡིན་པར་སྒྲུབ་པ་གཉིས་ཀྱིས་བྱང་ཆུབ་རྟོགས་དཀའ་བར་ལུང་དང་སྦྱར་བ་དང་། ཡོན་ཏན་རྟོགས་པར་དཀའ་བ་ལུང་དང་སྦྱར་བ་དང་། འཕྲིན་ལས་རྟོགས་པར་དཀའ་བར་ལུང་དང་སྦྱར་བ་དང་། དོན་བསྡུ་བའོ།། ཁམས་རྟོགས་པར་དཀའ་བ་ལུང་དང་སྦྱར་བ་ལ་གཉིས་ཏེ། སངས་རྒྱས་དངོས་ཀྱི་ཡུལ་ཡིན་པ་དང་། གཞན་གྱི་དངོས་ཀྱི་ཡུལ་མ་ཡིན་པ་དང་། མོས་པ་ཙམ་གྱི་ཡུལ་དུ་གྲུབ་པ་གསུམ་གྱིས་ཟབ་པའི་དོན་དང་། མ་དག་པའི་གནས་སྐབས་ལ་ཁྱབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་ཁྱབ་པ་གསུམ་གྱིས་ཁྱབ་པའི་དོན་ཏོ།། གྲངས་ངེས་པ་ལ་གསུམ་ཏེ། བསྟན་པ་དང་། དཀོན་མཆོག་གསུམ་ལུང་དང་སྦྱར་བ་དང་། རྐྱེན་གྱི་གནས་གསུམ་ལུང་དང་སྦྱར་བ་དང་། ཁམས་གནས་པའི་རྟེན་ལུང་དང་སྦྱར་བ་གསུམ་གྱིས་བདུན་ཀའི་རྗེས་སུ་འབྲེལ་པའི་རྩ་བས་མ་ཟིན་པའི་བཤད་པ་དང་། རང་གི་མཚན་ཉིད་ཀྱི་རྗེས་སུ་འབྲེལ་བ་རྩ་བས་ཟིན་པའི་བཤད་པའོ།། དེ་ལ་དྲུག་སྟེ། ཇི་སྙེད་པའི་ཡོན་ཏན་དང་། ཇི་ལྟ་བའི་ཡོན་ཏན་གཉིས་ཀྱིས་དཀོན་མཆོག་གསུམ་མདོ་དང་སྦྱར་བ་དང་། ཁམས་མདོ་དང་སྦྱར་བ་དང་། བྱང་ཆུབ་མདོ་དང་སྦྱར་བ་དང་། ཡོན་ཏན་མདོ་དང་སྦྱར་བ་དང་། འཕྲིན་ལས་མདོ་དང་སྦྱར་བ་དང་། དོན་བསྡུ་བའོ།། ཁམས་མདོ་དང་སྦྱར་བ་ལ་གསུམ་ཏེ། མདོའི་སྐབས་འགོད་པ་དང་། སྦྱོང་བྱེད་ཀྱི་ཆོས་སྦྱང་བྱ་ལ་མི་འཁྲུལ་བར་སྒྲུབ་པ་དང་། སྦྱོང་བྱེད་ཀྱི་ཆོས་ཀྱི་རང་བཞིན་ནོ།། བར་པ་ལ་གཉིས་ཏེ། རིགས་པས་སྒྲུབ་པ་དང་། ལུང་གིས་སྒྲུབ་པའོ།། དེ་ལ་གསུམ་ཏེ། ས་བཅུ་པའི་མདོ་དང་། དཔེ་འགོད་པ་དང་། གང་ཟག་ཏུ་ལྟ་བའི་དྲི་མ་སྦྱོང་བ་དང་། ཆོས་སུ་ལྟ་བའི་དྲི་མ་སྦྱོང་བ་དང་། ཆོས་ཀྱི་བདག་མེད་ལ་ལོག་པར་ཞུགས་པའི་དྲི་མ་སྦྱོང་བ་དང་། ཡོངས་སུ་དག་པའི་རང་བཞིན་ལྔས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོའོ།། ཡང་ན་གྲངས་ངེས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དེ་ལ་དྲུག་སྟེ། དཀོན་མཆོག་གསུམ་གྱི་ངོ་བོ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། དགེ་འདུན་དཀོན་མཆོག་གི་བྱེ་བྲག་ཏུ་བཤད་པ་དང་། ཇི་སྙེད་པའི་ཡོན་ཏན་དང་། ཇི་ལྟ་བའི་ཡོན་ཏན་ལྔས་དཀོན་མཆོག་གསུམ་ལུང་དང་སྦྱར་བ་དང་། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། འཕྲིན་ལས་ལུང་དང་སྦྱར་བ་དང་། དོན་བསྡུ་བའོ།། གཞན་སྔ་མ་བཞིན་ནོ།། འབྲས་བུ་དཀོན་མཆོག་གི་དོན་ལ་ལྔ་སྟེ། སངས་རྒྱས་ཀྱི་དོན་དང་། ཆོས་ཀྱི་དོན་དང་། དགེ་འདུན་གྱི་དོན་དང་། སྐྱབས་ཀྱི་དོན་དང་། སྒྲའི་དོན་ཏོ།། སངས་རྒྱས་ཀྱི་དོན་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། རྒྱས་པར་བཤད་པའོ།། དེ་ལ་བཞི་སྟེ། བསྟན་བཤད་སྦྱར་བ་དང་། སོ་སོའི་རང་བཞིན་དང་། ལུང་དང་སྦྱར་བ་དང་། རྩ་བའི་དོན་དང་། བཤད་པའི་ཁྱད་པར་གཉིས་ཀྱིས་རང་དང་གཞན་གྱི་དོན་བསྡུ་བའོ།། སོ་སོའི་རང་བཞིན་ལ་ལྔ་སྟེ། བསྟན་པ་དང་། དགག་བྱའི་རང་བཞིན་དང་། བཀག་པའི་རང་བཞིན་གསུམ་གྱིས་འདུས་མ་བྱས་པ་དང་། ལྷུན་གྱིས་གྲུབ་པ་དང་། གཞན་༼༡༤༧༽གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་དང་། གཞན་གྱི་དོན་འབྱུང་བའི་ཚུལ་དང་། མཁྱེན་པའི་རང་བཞིན་དང་། བརྩེ་བའི་རང་བཞིན་དང་། བརྩེ་བ་བསྟན་པའི་རང་བཞིན་བཞིས་མཁྱེན་བརྩེ་དང་། དོན་གྱི་དངོས་པོ་དང་། སྤང་བྱའི་རང་བཞིན་དང་། དཔེ་དང་ཆོས་མཐུན་པ་གསུམ་གྱིས་ནུས་པའོ།། ལུང་དང་སྦྱར་བ་ལ་ཡང་ལྔ་སྟེ། འདུས་མ་བྱས་པ་ལུང་དང་སྦྱར་བ་དང་། སྐུ་གསུང་ཐུགས་གྱི་རྩོལ་བ་ཞི་བ་དང་། ལོག་པར་འཛིན་པ་དང་བྲལ་བ་དང་། དུས་གསུམ་ལ་སེམས་མི་འཇུག་པ་དང་། རྒྱུ་དང་འབྲས་བུ་ཡོངས་སུ་ཆད་པ་དང་། ཤེས་བྱ་མ་ཡིན་པ་དང་། ངོ་བོ་མ་གྲུབ་པ་དྲུག་གིས་ལྷུན་གྱིས་གྲུབ་པའི་་་་་་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་ལུང་དང་སྦྱར་བ་དང་། མཁྱེན་བརྩེ་ལུང་དང་སྦྱར་བ་དང་། ནུས་པ་ལུང་དང་སྦྱར་བའོ།། མཁྱེན་བརྩེ་ལུང་དང་སྦྱར་བ་ལ་གཉིས་ཏེ། ལུང་གི་དོན་འགོད་པ་དང་། དེ་བཤད་པའོ།། དང་པོ་ལ་གཉིས་ཏེ། ཡུལ་དང་། ཡུལ་ཅན་གཉིས་ཀྱིས་མཁྱེན་པ་དང་། ཡུལ་དང་། ཡུལ་ཅན་གཉིས་ཀྱིས་བརྩེ་བའོ།། བཤད་པ་ལ་ཡང་གཉིས་ཏེ། ཡུལ་དང་། ཡུལ་ཅན་གཉིས་ཀྱིས་མཁྱེན་པ་དང་། ཡུལ་དང་། ཡུལ་ཅན་གཉིས་ཀྱིས་བརྩེ་བ་བཤད་པའོ།། ཆོས་དཀོན་མཆོག་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། རྒྱས་པར་བཤད་པའོ།། དེ་ལ་བཞི་སྟེ། བདེན་པ་གཉིས་སུ་བསྡུ་བ་དང་། བསྟན་བཤད་སྦྱར་བ་དང་། འགོག་པའི་བདེན་པ་རྒྱས་པར་བཤད་པ་དང་། ལམ་གྱི་བདེན་པ་རྒྱས་པར་བཤད་པའོ།། འགོག་པའི་བདེན་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། འོད་གསལ་བ་དང་། རྩ་བ་དང་གཞི་མེད་པའོ།། དེ་ལ་གསུམ་ཏེ། མདོའི་ཚིག་འགོད་པ་དང་། བྲལ་བའི་ཆོས་ཉིད་རྟོགས་པ་ཡིན་པ་དང་། ཡོད་པ་བསལ་བ་མ་ཡིན་པ་གཉིས་ཀྱིས་མདོའི་དོན་བཤད་པ་དང་། སྒྲུབ་པའི་དོན་ལུང་དང་སྦྱར་བ་དང་། དགག་པའི་དོན་ལུང་དང་སྦྱར་བ་གཉིས་ཀྱིས་ལུང་དང་སྦྱར་བའོ།། ལམ་གྱི་བདེན་པ་རྒྱས་པར་བཤད་པ་ལ་གསུམ་ཏེ། ཡོན་ཏན་གྱི་ཆོས་དཔེ་དང་ཆོས་མཐུན་པ་དང་། གཉེན་པོ་ཉིད་ཀྱི་རང་བཞིན་རྒྱས་པར་བཤད་པ་དང་། དེ་ལུང་དང་སྦྱར་བའོ།། བར་པ་ལ་གཉིས་ཏེ། བསྟན་པ་དང་། བག་ལ་ཉལ་གྱི་དབྱེ་བ་དང་། ཀུན་ནས་ལྡང་བའི་དབྱེ་བ་དང་། དོན་བསྡུ་བ་བཞིས་གེགས་ཀྱི་རང་བཞིན་དང་། གཉེན་པོ་མི་འཇུག་པའི་རྒྱུ་དང་། ཡོངས་སུ་རྟོག་པའི་གནས་སྐབས་དང་། ཡང་དག་པར་མཐོང་བའི་གནས་སྐབས་དང་། དག་པ་མཐར་ཕྱིན་པའི་གནས་སྐབས་དང་། གེགས་སྤངས་པའི་ཚུལ་ལྔས་གཉེན་པོའི་རང་བཞིན་ནོ།། ཡང་ན་གེགས་ཀྱི་རང་བཞིན་ལ་གསུམ་ཏེ། ཉེ་བར་ལེན་པའི་རྒྱུ་ས་བོན་མ་སྤངས་པ་དང་། ཕྱིའི་ལྷན་ཅིག་བྱེད་པ་ཡུལ་ཉེ་བ་དང་། ནང་གི་ལྷན་ཅིག་བྱེད་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གསུམ་གྱིས་སྒྲིབ་པའི་རྒྱུ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་གྱིས་སྒྲིབ་པའི་ངོ་བོ་དང་། རྒྱུ་གསུམ་བསྡུ་བ་དང་། འབྲས་བུ་གསུམ་བསྡུ་བ་གཉིས་ཀྱིས་དོན་བསྡུ་བའོ།། དགེ་འདུན་དཀོན་མཆོག་ལ་གཉིས་ཏེ། ཕྱིར་མི་ལྡོག་པའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་མ་སྨོས་པའི་རྒྱུའོ།། དང་པོ་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། རྒྱས་པར་བཤད་པའོ།། དེ་ལ་བཞི་སྟེ། བསྟན་པ་དང་། ངོ་བོ་དང་། རྒྱུ་དང་། རྒྱུ་དེའང་རིགས་པས་སྒྲུབ་པ་དང་། དེ་ལུང་དང་སྦྱར་བ་ལྔས་ཇི་ལྟ་བ་རིག་པ་དང་། ངོ་བོ་དང་། སའི་ཁྱད་པར་གཉིས་ཀྱིས་ཇི་སྙེད་པའི་རིག་པ་དང་། བསྟན་པ་དང་། རང་རིག་པ་དང་། དེ་ལ་ཆགས་པ་དང་། ཐོགས་པའི་སྒྲིབ་པ་ལས་གྲོལ་བའི་ཁྱད་པར་ཅན་དུ་སྒྲུབ་པ་གསུམ་གྱིས་༼༡༤༨༽དག་པའི་ཁྱད་པར་གྱི་རང་རིག་པ་དང་། བསྟན་པ་དང་། འབྲས་བུ་བླ་ན་མེད་པ་དང་ཉེ་བར་གྱུར་པ་དང་། གཞན་རྗེས་སུ་འཛིན་པའི་ནུས་པ་ཡོད་པ་གསུམ་གྱིས་དམན་པའི་སྒྲིབ་པ་ལས་གྲོལ་བའོ།། ཉན་ཐོས་ཀྱི་དགེ་འདུན་མ་སྨོས་པའི་རྒྱུ་ལ་གསུམ་ཏེ། རྒྱུ་མཚན་འགོད་པ་དང་། ས་ཐོབ་པ་བས་དམན་པ་དང་། སེམས་དང་པོ་བསྐྱེད་པ་བས་དམན་པ་གཉིས་ཀྱིས་རྒྱུ་མཚན་དེ་རིགས་པས་སྒྲུབ་པ་དང་། ལུང་གིས་སྒྲུབ་པའོ།། སྐྱབས་ཀྱི་དོན་ལ་གཉིས་ཏེ། བསྟན་པ་དང་། བཤད་པ་དང་། རྩོད་པ་སྤོང་བ་གསུམ་གྱིས་ཀུན་རྫོབ་པའི་སྐྱབས་རྣམ་པར་གཞག་པ་དང་། དོན་དམ་པའི་སྐྱབས་རྣམ་པར་གཞག་པའོ།། དོན་དམ་པའི་སྐྱབས་རྣམ་པར་གཞག་པ་ལ་གཉིས་ཏེ། དག་ཆོས་དང་དགེ་འདུན་དོན་དམ་པའི་སྐྱབས་ཡིན་པ་དགག་པ་དང་། དོན་གྱི་དངོས་པོ་དང་། ལུང་དང་སྦྱར་བ་གཉིས་ཀྱིས་སངས་རྒྱས་འབའ་ཞིག་དོན་དམ་པའི་སྐྱབས་སུ་སྒྲུབ་པའོ།། དང་པོ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དེ་ལ་གཉིས་ཏེ། བསྟན་པའི་ཆོས་དོར་བྱ་ཡིན་པ་དང་། ལམ་བོགས་དབྱུང་དུ་ཡོད་པ་དང་། འགོག་པའི་ངོ་བོ་མ་གྲུབ་པ་གསུམ་གྱིས་ཆོས་སྐྱབས་མ་ཡིན་པ་དང་། བསྟན་པ་དང་། འཇིགས་པ་དང་བཅས་པ་དང་། སྐྱབས་གནས་གཞན་ལ་རག་ལས་པ་དང་། མཐར་ཐུག་པའི་སར་མ་ཕྱིན་པ་དང་། སྤྱིའི་དོན་བསྡུ་བ་ལྔས་དགེ་འདུན་སྐྱབས་གནས་མ་ཡིན་པའོ།། སྒྲའི་དོན་ལ་དབྱེ་བ་མེད་དོ།། དེ་སྒྲུབ་པར་བྱེད་པའི་རིགས་པ་ལ་གསུམ་ཏེ། རིགས་སྤྱིའི་རྣམ་པར་གཞག་པ་དང་། སོ་སོའི་མཐར་གྱིས་དབྱེ་བ་དང་། རིགས་པ་ལ་ལྷག་པར་མོས་པའི་ཕན་ཡོན་ནོ།། དང་པོ་ལ་གཉིས་ཏེ། བསམ་གྱིས་མི་ཁྱབ་པའི་དོན་དང་། རིགས་ཀྱི་སོ་སོའི་ངོ་བོ་དང་། རྒྱུ་གཅིག་ཏུ་ངེས་པ་དང་། རྐྱེན་གསུམ་དུ་ངེས་པ་གསུམ་གྱིས་རྒྱུ་རྣམ་པར་གཞག་པའོ།། བསམ་གྱིས་མི་ཁྱབ་པའི་དོན་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་བཞི་སྟེ། དོན་གྱི་དངོས་པོ་དང་། ཤེས་པར་བྱེད་པའི་ལུང་གཉིས་ཀྱིས་ཁམས་ཟབ་པ་དང་། དོན་གྱི་དངོས་པོ་དང་། ཤེས་པར་བྱེད་པའི་ལུང་གཉིས་ཀྱིས་བྱང་ཆུབ་ཟབ་པ་དང་། ཡོན་ཏན་ཟབ་པ་དང་། འཕྲིན་ལས་ཟབ་པའོ།། ཡོན་ཏན་ཟབ་པ་ལ་གསུམ་ཏེ། བསྒྲིབ་བྱ་དང་། སྒྲིབ་བྱེད་དང་། སྒྲིབ་པ་སེལ་བ་གསུམ་གྱིས་དོན་གྱི་དངོས་པོ་དང་། ཤེས་པར་བྱེད་པའི་དཔེ་དང་། དོན་ལ་སྦྱར་བའོ།། ཤེས་པར་བྱེད་པའི་དཔེ་ལ་གསུམ་ཏེ། བསྒྲིབ་བྱ་དང་། སྒྲིབ་བྱེད་དང་། བྱེད་པ་པོ་དང་། མཐོང་བའི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་། སྦྱོར་བའི་ཁྱད་པར་དང་། སྦྱོར་བས་སྒྲུབ་པའི་འབྲས་བུ་ལྔས་སྒྲིབ་པ་སེལ་བའི་ཁྱད་པར་རོ།། དོན་ལ་སྦྱར་བ་ལ་གསུམ་སྟེ། བསྒྲིབ་བྱ་དང་། སྒྲིབ་བྱེད་དང་། བྱེད་པ་པོ་དང་། མཐོང་བའི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་། སྦྱོར་བའི་ཁྱད་པར་དང་། སྦྱོར་བས་བསྒྲུབས་པའི་འབྲས་བུ་ལྔས་སྒྲིབ་པ་སེལ་བའི་ཁྱད་པར་རོ།། འཕྲིན་ལས་ཟབ་པ་ལ་གཉིས་ཏེ། དོན་གྱི་དངོས་པོ་དང་། བསམ་གྱིས་མི་ཁྱབ་པ་དང་། ལྷུན་གྱིས་གྲུབ་པ་དང་། འབྲས་བུའི་ཁྱད་པར་དང་། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་བཞིས་ཤེས་པར་བྱེད་པའི་ལུང་ངོ་།། སོ་སོའི་མཐར་གྱིས་དབྱེ་བ་ལ་བཞི་སྟེ། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། འཕྲིན་ལས་སོ།། ཁམས་ལ་དྲུག་སྟེ། དོན་གྱི་དངོས་པོ་གསུམ་གྱིས་མདོར་བསྟན་པ་དང་། རྣམ་གཞག་རྣམ་པ་བཅུས་རྒྱས་པར་བཤད་པ་དང་། དཔེ་དགུས་སྒྲུབ་པ་དང་། ཁམས་ངེས་པར་བྱེད་པའི་རིགས་པ་དང་། སྟོང་པའི་དོན་ལ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། ཁམས་བསྟན་པའི་དགོས་པའོ།། ལུས་རྣམ་གཞག་བཅུས་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྡུ་བ་དང་། རྣམ་པར་དབྱེ་བའོ།། ༼༡༤༩༽དེ་ལ་བརྒྱད་དེ། ངོ་བོ་དང་རྒྱུའི་དོན་དང་། འབྲས་བུ་དང་ལས་ཀྱི་དོན་དང་། ལྡན་པའི་དོན་དང་། བསྟན་པ་དང་། བཤད་པ་དང་། རྒྱས་པར་བཤད་པ་གསུམ་གྱིས་འཇུག་པའི་དོན་དང་། བསྟན་པ་དང་། བཤད་པ་དང་། ལུང་གིས་སྒྲུབ་པ་གསུམ་གྱིས་གནས་སྐབས་ཀྱི་དོན་དང་། བསྟན་པ་དང་། བཤད་པ་དང་། ལུང་གིས་སྒྲུབ་པ་གསུམ་གྱིས་ཀུན་ཏུ་འགྲོ་བའི་དོན་དང་། འགྱུར་བ་མེད་པའི་དོན་དང་། ཡོན་ཏན་དབྱེ་བ་མེད་པའི་དོན་ཏོ།། ངོ་བོ་དང་རྒྱུའི་དོན་ལ་གསུམ་ཏེ། བསྟན་པ་དང་། སོ་སོའི་ཆོས་མཐུན་པ་དང་། སྤྱིའི་ཆོས་མཐུན་པ་གསུམ་གྱིས་ངོ་བོའི་དོན་དང་། རྒྱུའི་དོན་ཏོ།། དེ་ལ་བཞི་སྟེ། བསྟན་པ་དང་། གང་ཟག་གི་དབྱེ་བ་དང་། སྒྲིབ་པའི་དབྱེ་བ་དང་། གཉེན་པོའི་དབྱེ་བའོ།། གང་ཟག་གི་དབྱེ་བ་ལ་གཉིས་ཏེ། རྣམ་པར་དབྱེ་བ་དང་། ཕུང་པོ་གསུམ་དུ་བསྡུ་བའོ།། དབྱེ་བ་ལ་གཉིས་ཏེ། སྒྲིབ་པའི་རྟེན་གྱི་གང་ཟག་དང་། གཉེན་པོའི་རྟེན་གྱི་གང་ཟག་གོ། དང་པོ་ལ་གསུམ་ཏེ། འབྲས་བུ་ལ་དོན་དུ་གཉེར་བ་མེད་པ་དང་། རྒྱུ་ལ་ཞེ་སྡང་བ་གཉིས་ཀྱིས་སྲིད་པ་འདོད་པ་དང་། ལྟ་སྤྱོད་གཉི་ག་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་པར་སྒྲོ་འདོགས་པ་དང་། སྐུར་འདེབས་ཅན་གསུམ་གྱིས་ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐབས་ལ་ཞུགས་པའོ།། འབྲས་བུ་དང་ལས་ཀྱི་དོན་ལ་གསུམ་ཏེ། བསྟན་པ་དང་། འབྲས་བུའི་དོན་དང་། ལས་ཀྱི་དོན་ཏོ།། འབྲས་བུའི་དོན་ལ་ལྔ་སྟེ། བསྟན་པ་དང་། ཕྱིན་ཅི་ལོག་གི་གང་ཟག་གི་རང་བཞིན་དང་། དེ་ལས་བཟློག་པའི་ཆོས་ཀྱི་རང་བཞིན་དང་། གཉི་ཀ་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་དང་། ལུང་དང་སྦྱར་བ་ལྔས་ཕྱིན་ཅི་ལོག་ལས་བཟློག་པའི་ངོ་བོ་དང་། སོ་སོའི་རྒྱུ་དང་འབྲེལ་བ་དང་། མདོའི་དོན་དང་། སྤངས་པ་དང་། ཡེ་ཤེས་དང་། གཞན་དོན་བཞིས་དོན་ཡང་དག་པར་བསྡུ་བ་དང་། དབྱེ་བ་དང་། མཚན་ཉིད་དང་། འབྲས་བུའི་གནས་ལ་སྒྲིབ་པའི་ཚུལ་དང་། སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་སྦྱར་བ་དང་། ལུང་དང་སྦྱར་བ་དང་། གེགས་སྤངས་པའི་བྱེད་པ་དྲུག་གིས་གེགས་ཀྱི་རང་བཞིན་དང་། སོ་སོའི་ངོ་བོའོ།། སོ་སོའི་རྒྱུ་དང་འབྲེལ་བ་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། བསྡུ་བའོ།། བཤད་པ་ལ་བཞི་སྟེ། གཙང་བ་རྒྱུ་དང་འབྲེལ་བ་དང་། རྒྱུ་དང་འབྲེལ་བ་དངོས་དང་། སྒྲོ་འདོགས་ཀྱི་བདག་བདག་དང་ཐ་དད་བསམ་པ་དང་། དེ་ལ་ཤེས་པར་བྱེད་པ་འགོད་པ་གསུམ་གྱིས་བདག་དམ་པ་རྒྱུ་དང་འབྲེལ་བ་དང་། བདེ་བ་རྒྱུ་དང་འབྲེལ་བ་དང་། རྟག་པ་རྒྱུ་དང་འབྲེལ་བའོ།། སོ་སོའི་ངོ་བོ་ལ་ལྔ་སྟེ། བསྟན་པ་དང་། གཙང་བ་དང་། བདག་དང་། བདེ་བ་དང་། རྟག་པའོ།། དེ་ལ་གསུམ་ཏེ། དོན་གྱི་དངོས་པོ་དང་། ཤེས་པར་བྱེད་པའི་ལུང་དང་། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དང་། མཐའ་གཉིས་ལས་གྲོལ་བའི་རྒྱུ་དང་། གྲོལ་བའི་ངོ་བོ་དང་། དོན་བསྡུ་བ་བཞིས་ལུང་གི་དོན་བཤད་པའོ།། ལས་ཀྱི་དོན་ལ་གཉིས་ཏེ། ལྡོག་པས་བསྟན་པ་དང་། ལུང་གིས་བསྒྲུབ་པ་དང་། རྗེས་འགྲོས་བཤད་པ་གསུམ་གྱིས་ལས་ཀྱི་དོན་གྱི་ངོ་བོ་དང་། དེ་ལྡོག་པས་སྒྲུབ་པའོ།། དེ་ལ་ལྔ་སྟེ། རང་རྒྱུད་ཀྱི་རྟགས་དང་། དམ་བཅའ་བ་མདོར་གཞག་པ་དང་། རྟགས་འཕེན་པའི་ཐལ་འགྱུར་དང་། རིགས་ཆད་པ་རེ་ཤིག་པར་སྒྲུབ་པའི་ལུང་དང་། དགོངས་ཏེ་གསུངས་པའི་དགོས་པ་དང་། དགོངས་གཞི་དང་། དངོས་ཀྱི་དོན་ལ་རིགས་པས་གནོད་པ་དང་། ལུང་གི་གནོད་པ་བཞིས་དེ་ལ་ལུང་གཞན་དང་འགལ་བ་སྤངས་པའོ།། ལྡན་པའི་དོན་ལ་གསུམ་ཏེ། བསྟན་པ་དང་། བཤད་པ་དང་། རྒྱུའི་ཡོན་ཏན་གྱི་བྱེད་པ་དང་། རྒྱུའི་ཡོན་ཏན་གྱི་ངོ་བོ་དང་། དཔེ་དང་ཆོས་མཐུན་པའི་ཁྱད་པར་བཞིས་རྒྱུའི་ཡོན་ཏན་དང་ལྡན་པ་དང་། བསྟན་པ་དང་། སོ་སོའི་ཆོས་མཐུན་པ་དང་། སྤྱིའི་ཆོས་མཐུན་པ་དང་། དེ་ལུང་གིས་༼༡༥༠༽སྒྲུབ་པ་བཞིས་འབྲས་བུའི་ཡོན་ཏན་དང་ལྡན་པའོ།། འགྱུར་བ་མེད་པའི་དོན་ལ་བཞི་སྟེ། མདོར་བསྟན་པ་དང་། མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་དང་། མ་དག་པ་དང་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་འགྱུར་བ་མེད་པའོ།། མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལ་བཞི་སྟེ། ཀུན་ནས་ཉོན་མོངས་པའི་རང་བཞིན་གྱིས་མ་གོས་པ་དང་། གནས་སྐབས་སྐྱེ་འཇིག་གི་ཆོས་ཀྱིས་མ་གོས་པ་གཉིས་ཀྱིས་བསྟན་པ་དང་། བཤད་པ་དང་། བསྡུ་བ་དང་། སྔར་བཤད་པའི་དོན་རྗེས་སུ་བརྗོད་པ་དང་། མ་བཤད་པའི་དོན་གཞན་བརྗོད་པ་དང་། ལུང་དང་སྦྱར་བ་གསུམ་གྱིས་རྒྱས་བཤད་ཀྱི་ལྷག་མའོ།། བཤད་པ་ལ་གཉིས་ཏེ། འཇིག་པས་མ་གོས་པ་བཤད་པ་དང་། སྐྱེ་བས་མ་གོས་པ་བཤད་པའོ།། དེ་ལ་བཞི་སྟེ། དཔེ་དང་། དོན་དང་། དཔེ་དོན་སྦྱར་བ་དང་། དཔེ་དོན་གྱི་ཆོས་མཐུན་པའོ།། དོན་བསྡུ་བ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་རང་བཞིན་གྱིས་མ་གོས་པ་དང་། གནས་སྐབས་ཀྱི་མ་གོས་པའོ།། དེ་ལ་གསུམ་ཏེ། འཇིག་པས་མ་གོས་པའི་དོན་བསྡུ་བ་དང་། སྤྱིའི་དོན་བསྡུ་བ་དང་། ལུང་དང་སྦྱར་བའོ།། དེ་ལ་ལྔ་སྟེ། རང་བཞིན་དང་སྒྲིབ་པའི་དོན་སྤྱིར་བསྟན་པ་དང་། རྟེན་དང་རྟེན་པའི་དཔེ་དང་། དམན་པ་དང་མཆོག་གི་དཔེ་གཉིས་ཀྱིས་དེ་ལ་ཤེས་པར་བྱེད་པའི་དཔེ་དང་། རྟེན་དང་རྟེན་པའི་དོན་དང་། དམན་པ་དང་མཆོག་གི་དོན་གཉིས་ཀྱིས་དོན་ལ་སྦྱར་བ་དང་། དཔེ་དོན་སོ་སོར་སྦྱར་བ་དང་། དོན་བསྡུ་བའོ།། མ་དག་པ་དང་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལ་གསུམ་ཏེ། བསྟན་པ་དང་། སྐྱེ་སོགས་དང་བྲལ་ཡང་སྐྱེ་སོགས་སུ་སྟོན་པས་མ་དག་པ་དང་དག་པ་དང་། སེམས་ཅན་དང་སངས་རྒྱས་ལ་ལྟོས་ནས་མ་དག་པ་དང་དག་པའོ།། བར་པ་ལ་བཞི་སྟེ། དག་པའི་དོན་དང་། མ་དག་པའི་དོན་དང་། དེ་གཉིས་དང་འབྲེལ་བའི་རྒྱུ་དང་། ལུང་དང་སྦྱར་བའོ།། དེ་ལ་གཉིས་ཏེ། མ་དག་པ་དང་དག་པའི་དོན་ལུང་དང་སྦྱར་བ་དང་། དེ་གཉིས་ཀ་དང་འབྲེལ་བའི་རྒྱུ་ལུང་དང་སྦྱར་བའོ།། དང་པོ་ལ་གཉིས་ཏེ། ལུང་གི་དོན་དགོད་པ་དང་། དེ་བཤད་པའོ།། དང་པོ་ལ་གཉིས་ཏེ། དགེ་བའི་རྩ་བའི་ཀུན་ཏུ་སྦྱོར་བའི་དབྱེ་བ་དང་། དེ་ལ་ཉོན་མོངས་པར་གདགས་པའི་རྒྱུ་དང་། ཉོན་མོངས་པ་མཚན་ཉིད་པའི་དོན་མེད་པ་གསུམ་གྱིས་སྐྱེ་བ་ལེན་པའི་རྒྱུ་དང་། སྐྱེ་བ་ལེན་པའི་དཔེ་དང་། དོན་དང་། དེས་དགོས་པ་སྒྲུབ་པའི་ཁྱད་པར་བརྗོད་པ་གསུམ་གྱིས་བླངས་པའི་དགོས་པའོ།། དེ་གཉིས་ཀ་དང་འབྲེལ་བའི་རྒྱུ་ལུང་དང་སྦྱར་བ་ལ་གཉིས་ཏེ། ལུང་གི་དོན་འགོད་པ་དང་། བཤད་པའོ།། དང་པོ་ལ་བཞི་སྟེ། དག་པའི་རྒྱུར་བརྗོད་པ་དང་། མ་དག་པའི་རྒྱུར་བརྗོད་པ་དང་། དཔེ་དང་། དོན་གཉིས་ཀྱིས་དེ་ཉིད་བསྒྲུབས་པ་དང་། གཉིས་ཀའི་དོན་བསྡུ་བའོ།། དེ་ལ་གཉིས་ཏེ། སོ་སོར་རྟོག་པའི་ཁྱད་པར་དང་། དེའི་འཐད་པ་དང་། བརྟགས་ནས་སྤངས་པའི་དགོས་པ་གསུམ་གྱིས་དག་པའི་དོན་བསྡུ་བ་དང་། མ་དག་པའི་དོན་བསྡུ་བའོ།། ལུང་གི་དོན་བཤད་པ་ལ་བཞི་སྟེ། སྐྱེ་བའི་ལུས་ཀྱི་རང་བཞིན་དང་། དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་སྙད་པའི་རྒྱུ་མཚན་གཉིས་ཀྱིས་སྤྱིར་བཤད་པ་དང་། བཤད་པའི་དོན་ལུང་དང་སྦྱར་བ་དང་། སྦྱར་བའི་དོན་སོ་སོར་བསྟན་པ་དང་། བསྟན་པ་དེ་ཉིད་རྣམ་པར་དབྱེ་བའོ།། དེ་ལ་གཉིས་ཏེ། ཟག་པ་ཟད་པ་ལ་དབང་ཡང་མངོན་དུ་མི་བྱེད་པའི་རྒྱུ་དང་། སའི་ཁྱད་པར་དང་། དེས་མཚོན་པའི་དཔེ་ལུང་གིས་སྒྲུབ་པ་དང་། དོན་ལ་སྦྱར་བ་དང་། དོན་བསྡུ་བ་ལྔས་དག་པའི་དོན་བཤད་པ་དང་། མ་དག་པའི་དོན་བཤད་པའོ།། སེམས་ཅན་དང་སངས་རྒྱས་༼༡༥༡༽ལ་ལྟོས་ནས་མ་དག་པ་དང་དག་པ་ལ་དྲུག་སྟེ། རྨད་དུ་བྱུང་བའི་ཆོས་ཐོབ་པའི་ཁྱད་པར་དང་། དེ་ཉིད་ཀྱིས་གཞན་རྗེས་སུ་འཛིན་པའི་མཆོག་ཏུ་སྒྲུབ་པ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང་། སྐྱེ་བ་འཛིན་པ་དང་། དྲི་མས་མ་གོས་པ་དང་། དེའི་དཔེ་དང་། དོན་སྦྱར་བ་བཞིས་མ་གོས་པའི་སྤྱོད་པ་ལ་གནས་པ་དང་། ཕྱིར་མི་ལྡོག་པ་དང་། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཐོབ་པ་དང་། གཞན་འདུན་པའི་ཐབས་བསྟན་པ་དང་། བཤད་པ་གསུམ་གྱིས་སྐྱེ་བ་ཐ་མ་གཅིག་གིས་ཐོགས་པ་དང་། གཞན་དོན་ལ་ཁྱད་པར་མེད་པ་དང་། རང་དོན་ལ་ཁྱད་པར་ཡོད་པ་གཉིས་ཀྱིས་དེ་སངས་རྒྱས་ཀྱི་ས་དང་ཁྱད་པར་བསམ་པ་དང་། སྤྱིའི་དོན་དགྲོལ་བ་དང་། སོ་སོའི་དོན་དགྲོལ་བ་གཉིས་ཀྱིས་ཚིགས་སུ་བཅད་པའི་དོན་དགྲོལ་བའོ།། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལ་གསུམ་ཏེ། བསྟན་པ་དང་། རྣམ་བཅད་ཀྱི་དོན་དང་། ཡོངས་གཅོད་ཀྱི་དོན་དང་། དེ་སྦྱར་བ་དང་། ཚིགས་སུ་བཤད་པའི་དོན་དགྲོལ་བ་བཞིས་བཤད་པ་དང་། བསྟན་བཤད་སྦྱར་བ་དང་། མདོ་དང་སྦྱར་བ་གཉིས་ཀྱིས་རྒྱས་པར་བཤད་པའོ།། ཡོན་ཏན་དབྱེ་བ་མེད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དེ་ལ་ལྔ་སྟེ། གཏན་ཚིགས་ཀྱི་དོན་དང་། བསྒྲུབ་བྱའི་དོན་དང་། དབྱེ་བ་མེད་པར་བཤད་པ་དང་། བསྟན་པ་དང་། སོ་སོར་ཆོས་མཐུན་པ་དང་། སྤྱིའི་ཆོས་མཐུན་པ་གསུམ་གྱིས་དབྱེ་བ་མེད་པའི་དཔེ་དོན་གྱི་ཆོས་མཐུན་པ་དང་། བསྟན་པ་དང་། བཤད་པ་དང་། ལུང་དང་སྦྱར་བ་གསུམ་གྱིས་དབྱེ་བ་མེད་པའི་དབང་གིས་གྲུབ་པའི་དོན་ཏོ།། གཏན་ཚིགས་ཀྱི་དོན་ལ་གཉིས་ཏེ། རབ་ཏུ་དབྱེ་བ་དང་། སོ་སོའི་ངོ་བོ་དང་། དེ་ལུང་དང་སྦྱར་བ་དང་། རྩ་བའི་ཚིག་དང་སྦྱར་བ་དང་། སོ་སོར་ལུང་དང་སྦྱར་བ་བཞིས་ཡོན་ཏན་བཞིའི་སོ་སོའི་མཚན་ཉིད་དོ།། དབྱེ་བ་མེད་པའི་དོན་ཉིད་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དེ་ལ་ལྔ་སྟེ། དེ་ལྟ་བུའི་མཚན་ཉིད་ཀྱི་ཐར་པ་ཐེག་པ་གཞན་ལ་མེད་པ་དང་། དེ་ཉིད་སངས་རྒྱས་འབའ་ཞིག་གི་ཐུན་མོང་མ་ཡིན་པའི་ཆོས་སུ་གྲུབ་པ་དང་། རྣམ་པ་ཐམས་ཅད་པའི་དཔེ་དང་། རྒྱ་ཆེ་བ་དང་། ཟབ་པ་དང་། རྣམ་དག་པ་བཞིའི་ཡོན་ཏན་བཞི་སོ་སོའི་ངོ་བོ་དང་། ས་བརྒྱད་པའི་ལམ་ཤེས་པ་ལས་དང་པོ་འབྱུང་བ་དང་། དགུ་པའི་ཆོས་འཛིན་པའི་ཡེ་ཤེས་ལས་གཉིས་པ་འབྱུང་བ་དང་། བཅུ་པའི་གསང་བ་རྟོགས་པ་ལས་གསུམ་པ་འབྱུང་བ་དང་། བར་ཆད་མེད་པའི་ལམ་གྱིས་སྒྲིབ་པ་སྤངས་པ་ལས་ཡོན་ཏན་བཞི་པ་འབྱུང་བ་བཞིས་ཡོན་ཏན་བཞི་འགྲུབ་པའི་རྒྱུ་དང་། རྒྱུ་ཡེ་ཤེས་བཞི་ཐེག་པ་གཞན་ལ་མེད་པས་འབྲས་བུ་མེད་པར་གྲུབ་པའོ།། དཔེ་དགུས་བསྒྲུབ་པ་ལ་ལྔ་སྟེ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ་དང་། རང་བཞིན་དང་སྒྲིབ་པ་ལྡན་པའི་དཔེ་མདོར་བསྟན་པ་དང་། སོ་སོའི་དཔེ་མདོར་བསྟན་པ་དང་། ལྡན་པའི་དཔེ་རྒྱས་པར་བཤད་པ་དང་། སོ་སོའི་དཔེ་རྒྱས་པར་བཤད་པའོ།། ལྡན་པའི་དཔེ་རྒྱས་པར་བཤད་པ་ལ་སོ་སོར་བསྟན་པ་དགུ་དང་། དོན་བསྡུ་བ་དང་བཅུའོ།། དང་པོ་སོ་སོར་བསྟན་པ་དགུ་ལའང་དཔེ་དང་། དོན་དང་། དཔེ་དོན་སྦྱོར་བ་གསུམ་གསུམ་དུ་རིག་པར་བྱའོ།། སོ་སོའི་དཔེ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྒྲིབ་པའི་དཔེ་རྒྱས་པར་བཤད་པ་དང་། རང་བཞིན་གྱི་དཔེ་རྒྱས་པར་བཤད་པའོ།། དང་པོ་ལ་དྲུག་སྟེ། དཔེ་དགུའི་གྲངས་ངེས་པ་དང་། སྒྲིབ་པའི་དབྱེ་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དང་། མ་རིག་པའི་བག་ཆགས་དང་། མཐོང་སྤང་སྒོམ་སྤང་དང་། མ་དག་པ་དང་། ༼༡༥༢༽དག་པའི་ས་ལ་བརྟེན་པ་ལྔས་སོ་སོའི་མཚན་ཉིད་དང་། དངོས་པོའི་དབྱེ་བའི་བྱེ་བྲག་དང་། སྒྲིབ་པའི་རྟེན་གྱི་གང་ཟག་དང་། དཔེ་དང་ཆོས་མཐུན་པའི་ཁྱད་པར་རོ།། རང་བཞིན་གྱི་དཔེ་ལ་ལྔ་སྟེ། མཚམས་སྦྱར་བས་མདོར་བསྟན་པ་དང་། དཔེ་དགུའི་གྲངས་ངེས་པ་དང་། ཆོས་སྐུའི་དབྱེ་བ་དང་། དཔེ་དང་ཆོས་མཐུན་པ་དང་། ཁྱབ་པ་ལུང་གིས་སྒྲུབ་པ་གསུམ་གྱིས་འབྲས་བུ་ཆོས་སྐུའི་ཆོས་མཐུན་དང་། འགྱུར་བ་མེད་པ་དཔེ་དང་ཆོས་མཐུན་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། འགྱུར་བ་མེད་པ་ལུང་གིས་སྒྲུབ་པ་དང་། ཁྱབ་པ་ལུང་གིས་སྒྲུབ་པ་བཞིས་རང་བཞིན་དེ་བཞིན་ཉིད་ཀྱི་ཆོས་མཐུན་པ་དང་། རྒྱུ་རིགས་ཀྱི་ཆོས་མཐུན་ནོ།། དེ་ལ་ལྔ་སྟེ། རིགས་ཀྱི་ངོ་བོའི་ཆོས་མཐུན་དང་། ནུས་པའི་ཆོས་མཐུན་དང་། ཁམས་ཀྱི་སྒྲ་དོན་ལུང་དང་སྦྱར་བ་དང་། ཁྱབ་པའི་ལུང་འགོད་པ་དང་། དུས་ཡོངས་སུ་ཆད་པ་མེད་པ་དང་། རང་བཞིན་རྣམ་པར་དག་པ་དང་། ཀུན་གྱི་རྟེན་ཡིན་པ་དང་། གནས་སྐབས་དུ་མ་དང་འབྲེལ་བ་བཞིས་ལུང་གི་དོན་བཤད་པའོ།། ཁམས་ངེས་པར་བྱེད་པའི་རིགས་པ་ལ་གཉིས་ཏེ། བསྟན་པ་དང་། ལུང་དང་སྦྱར་བ་དང་། བཤད་པ་གསུམ་གྱིས་རིགས་པ་དངོས་དང་། དེ་ལ་ཕྱི་རོལ་དུ་གྱུར་པའོ།། དེ་ལ་བཞི་སྟེ། བསྟན་པ་དང་། ཕྱི་རོལ་དུ་གྱུར་པའི་གང་ཟག་གི་དབྱེ་བ་དང་། ལུང་གི་རྣམ་གྲངས་གཞན་དུ་སྦྱར་བ་དང་། དེའི་དོན་བཤད་པའོ།། དེ་ལ་གསུམ་ཏེ། གང་ཟག་ཏུ་འཛིན་པའི་ཡུལ་མ་ཡིན་པ་དང་། ཆོས་སུ་འཛིན་པའི་ཡུལ་མ་ཡིན་པ་དང་། བསྟན་པ་དང་། ཞིག་ནས་མེད་པ་སྨྲ་བ་དང་། གཅིག་ལ་གཅིག་མེད་པར་སྨྲ་བ་གསུམ་གྱིས་ཆོས་ཀྱི་བདག་མེད་པ་ལ་ལོག་པར་ཞུགས་པའི་ཡུལ་མ་ཡིན་པའོ།། ཆོས་སུ་ལྟ་བའི་ཡུལ་མ་ཡིན་པ་ལ་གཉིས་ཏེ། རིགས་པས་སྒྲུབ་པ་དང་། ལུང་གིས་སྒྲུབ་པའོ།། དེ་ལ་གཉིས་ཏེ། བཙལ་བྱའི་དོན་དང་། འཁྲུལ་པའི་རང་བཞིན་དང་། འཁྲུལ་པའི་རྒྱུ་དང་། མ་འཁྲུལ་པའི་རང་བཞིན་བཞིས་དཔེ་འགོད་པ་དང་། ཕྱི་ཅི་ལོག་པ་དང་། དེ་སྤང་བ་ལ་འབད་པ་དང་། ཕྱིན་ཅི་ལོག་ལ་དེ་ཁོ་ན་མེད་པའི་ཚུལ་གསུམ་གྱིས་དོན་ལ་སྦྱར་བའོ།། སྟོང་པའི་དོན་ལ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ལ་གཉིས་ཏེ། མཐའ་གཉིས་ལས་གྲོལ་བའི་དོན་བསྟན་པ་དང་། ལམ་སྒོམ་པའི་བྱེད་པ་བསྟན་པ་དང་། མཐའ་གཉིས་ལས་གྲོལ་བ་བཤད་པ་གསུམ་གྱིས་མཐའི་དོན་དང་། བཤད་པའི་དོན་ཏོ། དེ་ལ་བཞི་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དང་། དོན་བཤད་པ་དང་། ཤེས་བྱེད་འགོད་པ་གཉིས་ཀྱིས་དེ་ལ་ཕྱིན་ཅི་མ་ལོག་པའི་རང་བཞིན་དང་། གང་ཟག་ཏུ་འཛིན་པས་མི་རྟོགས་པ་དང་། ཆོས་སུ་འཛིན་པས་མི་རྟོགས་པ་དང་། ཆོས་ཀྱི་བདག་མེད་པ་ལ་ལོག་པར་ཞུགས་པས་མི་རྟོགས་པ་གསུམ་གྱིས་དེ་ལ་ཕྱིན་ཅི་ལོག་པའི་རང་བཞིན་དང་། དོན་གྱི་དངོས་པོ་དང་། ཤེས་བྱེད་འགོད་པ་གཉིས་ཀྱིས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱི་རྣམ་པར་དབྱེ་བའོ།། སྟོང་པ་ཉིད་ཀྱི་རང་བཞིན་ལ་གཉིས་ཏེ། མཐའ་གཉིས་ལས་གྲོལ་བའི་ཆ་བསྟན་པ་རྣམ་པར་དབྱེ་བ་བསྟན་པ་དང་། དེ་བཤད་པའི་དོན་ལུང་གིས་འཆད་པ་དང་། ལམ་སྒོམ་པའི་བྱེད་པ་བཤད་པ་གསུམ་གྱིས་རྩ་བའི་གཞུང་རྣམ་པར་དབྱེ་བ་དང་། དོན་གྱི་ངོ་བོ་་་དོན་? བསྡུ་བའོ།། ཁམས་བསྟན་པའི་དགོས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དང་པོ་ལ་གཉིས་ཏེ། རྟོགས་པར་མི་ནུས་པ་དང་། ལུང་གཞན་དང་འགལ་བ་གཉིས་ཀྱིས་རྒོལ་བ་དང་། ལན་ནོ།། བཤད་པ་ལ་གསུམ་ཏེ། དགོས་པ་སྤྱིར་བསྟན་པ་དང་། བྱང་ཆུབ་ཏུ་སེམས་སྐྱེ་བར་མི་༼༡༥༣༽འགྱུར་བ་དང་། སྤྱོད་པ་རྗེས་སུ་སྒྲུབ་པར་མི་འགྱུར་བ་དང་། དེ་ཁོ་ན་མངོན་དུ་བྱེད་པར་མི་འགྱུར་བ་དང་། གཞན་དོན་བྱེད་པར་མི་འགྱུར་བ་བཞིས་དེ་ལྡོག་པས་སྒྲུབ་པ་དང་། རྗེས་འགྲོས་སྒྲུབ་པའོ།། བྱང་ཆུབ་ལ་གཉིས་ཏེ། བསྟན་པ་དང་། བཤད་པ་དང་། བསྡུ་བ་གསུམ་གྱིས་རྣམ་གཞག་བརྒྱད་བསྡུ་བ་དང་། རྣམ་པར་དབྱེ་བའོ།། དེ་ལ་བདུན་ཏེ། ངོ་བོ་དང་། རྒྱུའི་དོན་དང་། འབྲས་བུའི་དོན་དང་། ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། རྟག་པའི་དོན་དང་། བསམ་གྱིས་མི་ཁྱབ་པའི་དོན་ཏོ།། དང་པོ་ལ་གཉིས་ཏེ། ངོ་བོ་ཉིད་ཀྱི་དོན་དང་། རྒྱུའི་དོན་གཉིས་ཀྱིས་བསྟན་པ་དང་། ཡེ་ཤེས་དང་། སྤངས་པ་དང་། དེ་ལ་བརྟེན་པའི་ཡོན་ཏན་དང་། དེ་ལ་སྒྲིབ་པའི་སྒྲིབ་པ་དང་། དེའི་གཉེན་པོ་བཞིས་བཤད་པའོ།། འབྲས་བུའི་དོན་ལ་གསུམ་སྟེ། ངོ་བོའི་དོན་ལས་ཐ་དད་བསམ་པ་དང་། ཉོན་མོངས་པ་སྤངས་ནས་གཉེན་པོའི་ཆོས་ཐོས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་ཡོན་ཏན་གྱི་སྐུ་གྲུབ་པ་གཉིས་ཀྱིས་བསྟན་པ་དང་། རྒྱུ་དང་འབྲེལ་བ་བསམ་པ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་བཤད་པ་དང་། ཡོན་ཏན་གྱི་སྐུ་གྲུབ་པ་གསུམ་གྱིས་བཤད་པའོ།། ལས་ཀྱི་དོན་ལ་གསུམ་ཏེ། རང་དང་གཞན་གྱི་དོན་གྱི་ངོ་བོ་དང་། རང་དོན་གྱི་ཡོན་ཏན་དང་། གཞན་དོན་གྱི་ཡོན་ཏན་གཉིས་ཀྱིས་ཡོན་ཏན་མདོར་བསྟན་པ་དང་། རང་དོན་དང་། གཞན་དོན་གཉིས་ཀྱིས་བཤད་པའོ།། ལྡན་པའི་དོན་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། གཉེན་པོས་ཐོབ་པ་དང་། རང་བཞིན་དུ་གནས་པ་གཉིས་ཀྱིས་བསྟན་པ་དང་། བཤད་པའོ།། དེ་ལ་གསུམ་སྟེ། ལྡན་པའི་དོན་སྤྱིར་བརྗོད་པ་དང་། གཉེན་པོས་ཐོབ་པ་དང་། རང་བཞིན་དུ་གནས་པའོ།། བར་པ་ལ་ལྔ་སྟེ། སྤྱིར་བསྟན་པ་དང་། སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་པ་དང་། འཕགས་པའི་ཡུལ་མ་ཡིན་པ་གསུམ་གྱིས་ཟབ་པ་དང་། རྟག་པ་དང་། བདེ་བ་དང་། ཡེ་ཤེས་དང་། སྤངས་པའོ།། འཇུག་པའི་དོན་ལ་གཉིས་ཏེ། རབ་ཏུ་དབྱེ་བ་དང་། ཆོས་སྐུའི་མཚན་ཉིད་དང་། ཡོན་ཏན་གྱི་ཆོས་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ལྔས་བསྟན་པ་དང་། བཤད་པའོ།། དེ་ལ་ལྔ་སྟེ། དབྱེ་བ་དང་། མཚན་ཉིད་དང་། སྒྲའི་དོན་དང་། བསྡུ་བ་དང་། རྟེན་དང་བརྟེན་པ་བསམ་པའོ།། གཉིས་པ་ལ་གསུམ་ཏེ། ཆོས་སྐུ་དང་ཡོན་ཏན་ལྔ་བཤད་པ་དང་། བསྡུ་བ་དང་། སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་མ་ཡིན་པ་དཔེས་སྒྲུབ་པ་གསུམ་གྱིས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའོ།། དང་པོ་ལ་གསུམ་ཏེ། བསྟན་པ་དང་། ཆོས་སྐུའི་ངོ་བོ་ཉིད་བཤད་པ་དང་། བསྟན་པ་དང་། བཤད་པ་གཉིས་ཀྱིས་དེ་ལ་ཡོད་པའི་ཡོན་ཏན་གྱི་ཆོས་སོ།། སྤྲུལ་བའི་སྐུ་ལ་བརྒྱད་དེ། རྒྱུ་དང་། མཛད་པ་པོ་དང་། ཆེད་དུ་བྱ་བ་དང་། བདག་པོའི་རྒྱུ་དང་། རྣམ་པ་དང་། གནས་དང་། དུས་དང་། འདུན་པ་དང་། སྨིན་པ་དང་། རྣམ་པར་གྲོལ་བར་མཛད་པ་གསུམ་གྱིས་མཛད་པའོ།། རྟག་པའི་དོན་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དེ་ལ་གསུམ་ཏེ། འཇིག་རྟེན་རྗེས་སུ་འཛིན་པའི་རྒྱུ་དང་། མི་འདོར་བའི་རྒྱུ་གཉིས་ཀྱིས་གཟུགས་སྐུ་རྟག་པའི་རྒྱུ་དང་། ཆོས་སྐུ་རྟག་པའི་རྒྱུ་དང་། དོན་བསྡུ་བའོ།། བསམ་གྱིས་མི་ཁྱབ་པའི་དོན་ལ་གཉིས་ཏེ། བསྟན་པ་དང་། རྣམ་པར་དབྱེ་པ་དང་། སོ་སོའི་དོན་བསྡུ་བ་དང་། སྤྱིའི་དོན་བསྡུ་བ་གསུམ་གྱིས་བཤད་པའོ།། ཡོན་ཏན་ལ་བཞི་སྟེ། བསྟན་པ་དང་། སྐུའི་༼༡༥༤༽དབྱེ་བ་དང་། ཡོན་ཏན་གྱི་དབྱེ་བ་གསུམ་གྱིས་རྟེན་གྱི་སྒོ་ནས་མདོར་བསྟན་པ་དང་། དཔེའི་སྒོ་ནས་རྒྱས་པར་བཤད་པ་དང་། ལུང་གི་སྒོ་ནས་སྒྲུབ་པ་དང་། བསྟན་པ་དང་། སྟོབས་ཀྱི་ཆོས་མཐུན་དང་། མི་འཇིགས་པའི་ཆོས་མཐུན་དང་། མ་འདྲེས་པའི་ཆོས་མཐུན་དང་། མཚན་གྱི་ཆོས་མཐུན་ལྔས་དཔེས་མཚོན་པའི་དོན་གྱི་ཁྱད་པར་རོ།། དཔེའི་སྒོ་ནས་རྒྱས་བཤད་པ་ལ་ལྔ་སྟེ། བསྟན་པ་དང་། ངོ་བོ་དང་། དཔེ་དང་ཆོས་མཐུན་པ་གཉིས་ཀྱིས་སྟོབས་ཀྱི་ཆོས་མཐུན་དང་། ངོ་བོ་དང་། བྱེད་པ་དང་། དཔེ་དང་ཆོས་མཐུན་པ་གསུམ་གྱིས་མི་འཇིགས་པའི་དཔེ་དང་། ངོ་བོ་དང་། བྱེད་པ་དང་། དཔེ་དང་ཆོས་མཐུན་པ་གསུམ་གྱིས་མ་འདྲེས་པའི་དཔེ་དང་། ངོ་བོ་དང་། དཔེ་དང་ཆོས་མཐུན་པ་གཉིས་ཀྱིས་མཚན་གྱི་དཔེའོ།། འཕྲིན་ལས་ལ་གསུམ་ཏེ། ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པ་གཉིས་ཀྱིས་བསྟན་པ་དང་། བཤད་པ་དང་། དཔེ་དགུས་སྒྲུབ་པའོ།། བཤད་པ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པ་དང་། དོན་དྲུག་དབྱེ་བ་དང་། དེའི་ངོ་བོ་དང་། དཔེ་དང་། དཔེ་དོན་གྱི་ཆོས་མཐུན་པ་དང་། དོན་བསྡུ་བ་ལྔས་རྒྱུན་མི་ཆད་པའོ།། དཔེ་དགུས་བསྒྲུབ་པ་ལ་ལྔ་སྟེ། བསྟན་པ་དང་། བཤད་པ་དང་། དཔེ་བསྟན་པའི་དགོས་པ་དང་། དཔེས་མཚོན་པར་བྱ་བའི་དོན་གྱི་རང་བཞིན་དང་། དཔེའི་གོ་རིམས་སོ།། བཤད་པ་ལ་དགུ་སྟེ། སྐུའི་ངོ་བོ་བརྒྱ་བྱིན་དང་། གསུང་གི་ངོ་བོ་རྔ་དང་། ཐུགས་ཀྱི་ངོ་བོ་སྤྲིན་དང་། སྐུ་གསུང་གི་མཛད་པ་ཚངས་པའི་དཔེ། ཐུགས་ཀྱི་མཛད་པ་ཉི་མའི་དཔེ་དང་། ཐུགས་ཀྱི་གསང་བ་ནོར་བུའི་དཔེ་དང་། དཔེ་དང་། དོན་གཉིས་ཀྱིས་གསུང་གི་གསང་བ་སྒྲ་བརྙན་གྱི་དཔེ་དང་། དཔེ་དང་། དོན་གཉིས་ཀྱིས་སྐུའི་གསང་བ་ནམ་མཁའི་དཔེ་དང་། དཔེ་དང་། དོན་གཉིས་ཀྱིས་གནས་གྱུར་པའི་སའི་དཔེའོ།། སྐུའི་ངོ་བོ་བརྒྱ་བྱིན་གྱི་དཔེ་ལ་གཉིས་ཏེ། རྣམ་རྟོག་མེད་པ་དང་། སྐྱེ་འགག་མེད་པའོ།། དང་པོ་གཉིས་ཏེ། གཞི་དག་པ་ལ་གཟུགས་བརྙན་སྣང་བ་དང་། སྣང་བའི་རྐྱེན་གྱིས་ཕན་པ་ལ་འཇུག་པ་དང་། ཕན་པ་དེ་ཕྱིན་ཅི་ལོག་ལས་གྱུར་པ་དང་། སྣང་བ་ལ་རྣམ་རྟོག་མེད་པ་བཞིའི་དཔེ་དང་། སེམས་དག་པ་ལ་རྒྱལ་བའི་སྐུ་སྣང་བ་དང་། སྣང་བའི་རྐྱེན་གྱིས་ཕན་པ་ལ་འཇུག་པ་དང་། སྣང་བ་ལ་རྣམ་རྟོག་མེད་པ་དང་། ཕན་པ་ཉིད་འཁྲུལ་པ་ལས་ཡིན་པ་བཞིའི་དོན་ཏོ།། སྐྱེ་འགག་མེད་པ་ལ་གཉིས་ཏེ། དེ་ཁོ་ནར་མེད་ཀྱང་གཞིའི་དབང་གིས་སྐྱེ་འགག་དུ་སྣང་བ་དང་། སྣང་བ་དེ་ཕན་པའི་རྒྱུ་ཡིན་པ་གཉིས་ཀྱི་དཔེ་དང་། དོན་ཏོ།། དེ་ལ་གཉིས་ཏེ། བསྟན་པ་དང་། སེམས་ཀྱི་དབང་གིས་སྐྱེ་བར་སྣང་བ་དང་། འགག་པར་སྣང་བ་དང་། དོན་བསྡུ་བ་གསུམ་གྱིས་བཤད་པའོ།། རྔའི་དཔེ་ལ་གསུམ་ཏེ། ཕན་འདོགས་པའི་རྣམ་པ་དང་། ཁྱད་པར་དུ་འཕགས་པའི་ཆོས་དང་། མི་དམིགས་པའི་རྒྱུའོ།། དང་པོ་ལ་གཉིས་ཏེ། དཔེ་དང་། དོན་དང་། རྒྱུའི་ཁྱད་པར་དང་། འབྲས་བུའི་ཁྱད་པར་དང་བཞིས་བག་ཡོད་པ་ལ་སྦྱོར་བ་དང་། འཚེ་བའི་འཇིགས་པ་ལས་སྐྱོབ་པའོ།། ཁྱད་པར་དུ་འཕགས་པའི་ཆོས་ལ་བཞི་སྟེ། སིལ་སྙན་དཔེར་མི་རུང་བ་དང་རྔ་ཁོ་ན་དཔེར་རུང་བ་དང་། བསྟན་པ་དང་། བཤད་པ་གཉིས་ཀྱིས་དེ་དག་ལས་སངས་རྒྱས་ཀྱི་དབྱངས་ཁྱད་པར་དུ་འཕགས་པ་དང་། ཞར་ལ་ཆོས་འཕྲུལ་གསུམ་གྱི་རང་བཞིན་ནོ།། སྤྲིན་གྱི་དཔེ་ལ་བཞི་སྟེ། ཡོངས་སུ་སྨིན་པའི་རྒྱུ་དང་། སྣོད་ཀྱི་དབྱེ་བས་རོ་?ཐ་དད་པར་འཇུག་པ་དང་། སྣོད་ཀྱི་དབྱེ་བ་དཔེ་ལ་སྦྱར་བ་དང་། དེ་དག་གི་ཆོས་མཐུན་པའི་ཁྱད་པར་༼༡༥༥༽དང་། དེ་བཞིན་གཤེགས་པའི་ཐུགས་དེ་དག་གི་ཉེས་པ་དང་། ཡོན་ཏན་ལ་ལྟོས་པ་མེད་པའི་ཁྱད་པར་གསུམ་གྱིས་ཕན་གནོད་ལ་རྟོག་པ་མེད་པ་དང་། སྡུག་བསྔལ་གྱི་མེ་རབ་ཏུ་འཇིལ་བའོ།། ཡོངས་སུ་སྨིན་པའི་རྒྱུ་ལ་བཞི་སྟེ། དཔེ་དང་། དོན་དང་། དཔེ་དོན་སྦྱར་བ་དང་། དོན་བཤད་པའོ།། སྡུག་བསྔལ་གྱི་མེ་འཇིལ་བ་ལ་བཞི་སྟེ། ཐུགས་རྗེའི་དམིགས་པ་སྡུག་བསྔལ་གྱི་ཁྱད་པར་དང་། དེ་སེལ་བའི་ཐབས་སྟོན་པའི་ཁྱད་པར་དང་། ཡིད་བྱུང་བའི་ཁྱད་པར་དང་། འདོད་ཆགས་དང་བྲལ་བའི་ཁྱད་པར་དང་། དེ་སྤོང་བའི་ཐབས་ཐོབ་པའི་ཁྱད་པར་གསུམ་གྱིས་བསྟན་པ་ལས་ཡོངས་སུ་ཤེས་པའི་ཁྱད་པར་དང་། དཔེ་དང་། དོན་གཉིས་ཀྱིས་རྗེས་སུ་སྒྲུབ་པའི་ཁྱད་པར་རོ།། ཚངས་པའི་དཔེ་ལ་གཉིས་ཏེ། སྐུ་གསུང་གི་འཕྲིན་ལས་ཆད་པ་མེད་པར་འབྱུང་བའི་དཔེ་དང་། དེ་ནུབ་པར་འགྱུར་བའི་ཚུལ་ལོ།། དང་པོ་ལ་གསུམ་སྟེ། དཔེ་དང་། དོན་གཉིས་ཀྱིས་དེ་ལྟར་འབྱུང་བར་སྣང་བ་དང་། དེས་ཕན་པ་ལ་སྦྱོར་བའི་ཚུལ་དང་། དེ་ལྟར་སྣང་བའི་རྒྱུའོ།། ཉི་མའི་དཔེ་ལ་ལྔ་སྟེ། བསྟན་པ་དང་། བཤད་པ་གཉིས་ཀྱིས་ཕན་གནོད་པ་རྣམ་པར་མི་རྟོག་པ་དང་། མུན་པ་སེལ་བའི་འོད་འགྱེད་པ་དང་། སྣོད་ཀྱི་རྗེས་སུ་བྱེད་པ་དང་། དོན་བཤད་པ་དང་། དཔེ་དང་སྦྱར་བ་གཉིས་ཀྱིས་རིམ་གྱིས་འབབ་པ་དང་། ཁྱབ་པ་དང་། མ་རིག་པ་སེལ་བ་དང་། སྡུག་བསྔལ་སེལ་བ་དང་། དོན་བསྡུ་བ་བཞིས་འོད་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་པའོ།། ནོར་བུའི་དཔེ་ལ་གཉིས་ཏེ། དཔེ་དང་། དོན་དང་། དཔེ་དོན་སྦྱར་བ་གསུམ་གྱིས་རྣམ་རྟོག་མེད་པ་དང་། དཔེ་དང་། དོན་གཉིས་ཀྱིས་རྙེད་པར་དཀའ་བའོ།། དཔེས་མཚོན་པར་བྱ་བའི་དོན་གྱི་རང་བཞིན་ལ་བཞི་སྟེ། དངོས་སུ་བརྗོད་པའི་དོན་དང་། ཤུགས་ཀྱིས་གནས་པའི་དོན་དང་། དངོས་སུ་བརྗོད་པའི་དོན་བཤད་པ་དང་། སྐྱེ་འགག་མེད་ཀྱང་སྐྱེ་འགག་ཏུ་སྣང་བ་དང་། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པ་གཉིས་ཀྱིས་དཔེ་དོན་གྱི་འདྲ་བ་སྒྲུབ་པའོ།། རིགས་ལས་ལྷག་པར་མོས་པའི་ཕན་ཡོན་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ།། དང་པོ་ལ་གསུམ་ཏེ། སྤྱིར་བརྗོད་པ་དང་། སྦྱིན་པ་ལས་བྱུང་བ་ཟིལ་གྱིས་གནོན་པ་དང་། ཚུལ་ཁྲིམས་ལས་བྱུང་བ་ཟིལ་གྱིས་གནོན་པ་དང་། བསྒོམས་པ་ལས་བྱུང་བ་ཟིལ་གྱིས་གནོན་པ་གསུམ་གྱིས་བྱེ་བྲག་ཏུ་བཤད་པ་དང་། རིགས་པའོ།། བཤད་པ་ལ་གསུམ་ཏེ། མོས་པའི་ཡུལ་དང་། རྣམ་པ་དང་། ཕན་ཡོན་གསུམ་གྱིས་སྤྱིར་བསྔགས་པ་དང་། ཡུལ་དང་། རྣམ་པ་དང་། དབྱེ་བ་གསུམ་གྱིས་བསམ་པ་ཕུན་སུམ་ཚོགས་པའི་རྒྱུས་བསྔགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པའི་རྒྱུས་བསྔགས་པའོ།། དེ་ལ་གསུམ་ཏེ། སྦྱོར་བ་ཕུན་སུམ་ཚོགས་པའི་རྒྱུར་བསྟན་པ་དང་། བསོད་ནམས་ཀྱི་ངོ་བོ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ངོ་བོ་ཉིད་སྒྲུབ་པ་བཞིས་སྦྱོར་བ་ཕུན་སུམ་ཚོགས་པའི་རང་བཞིན་དང་། ཐོས་པ་སྦྱོར་བ་ཕུན་སུམ་ཚོགས་པའི་རྒྱུར་བསྒྲུབ་པའོ།། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་ལྔ་སྟེ། རྒྱུ་དང་། དགོས་པ་དང་། བཤད་པའི་རང་བཞིན་དང་། བཤད་བྱ་དང་། དེ་དང་མཐུན་པའི་དོན་ལྔས་ཆོས་བཤད་པའི་ཚུལ་དང་། ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བ་དང་། རྩ་བའི་བསོད་ནམས་བསྔོ་བ་དང་། བཤད་པའི་ཚུལ་གྱིས་དོན་དང་། ཆོས་སྤོང་བའི་སྒྲིབ་པ་དོར་བའི་དོན་དང་། བསོད་ནམས་བསྔོ་༼༡༥༦༽བའི་དོན་གསུམ་གྱིས་དེ་མཐའ་དག་གི་དོན་བསྡུ་བ་དང་། འགྲེལ་པའི་བསོད་ནམས་བསྔོ་བའོ།། ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བ་ལ་གསུམ་ཏེ། ཆོས་ལ་གུས་པས་དབང་མི་ཟ་བ་དང་། ཕྱོགས་སུ་མ་ལྷུང་པ་གཉིས་ཀྱིས་མི་སྤོང་བའི་རྒྱུ་བསྟེན་པ་དང་། སྤོང་བའི་རྒྱུ་དོར་བ་དང་། ངན་སོང་དུ་འགྲོ་བ་དང་། འཁོར་བ་ལས་མི་ཐར་བ་གཉིས་ཀྱིས་སྤངས་པའི་འབྲས་བུའོ།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་པའི་དོན་དགེ་སློང་ཆོས་ཀྱི་སེང་གེས་ཉེ་བར་སྦྱར་བའོ།། རྫོགས་སྷྱོ།། །།