Tibetan

From Buddha-Nature
< Texts/Rgyud bla ma'i spyi don
Revision as of 04:19, 8 February 2022 by KPhuntsho (talk | contribs) (Created page with "{{TextSubpage |textSubIntro=རྒྱུད་བླ་མའི་སྤྱི་དོན། |textSubLanguage=Tibetan |textSubContent=༼མཆན་ཡོད་པ་རྣ...")
(diff) ← Older revision | Latest revision (diff) | Newer revision → (diff)
རྒྱུད་བླ་མའི་སྤྱི་དོན།
Rgyud bla ma'i spyi don
General Exegesis on the Ultimate Continuum
SOURCE TEXT

Back to text page ·   Switch to: Tibetan


རྒྱུད་བླ་མའི་སྤྱི་དོན།

༼མཆན་ཡོད་པ་རྣམས་མི་གསལ་བས་རེ་ཞིག་མ་བཀོད། Annotations in the text are not easily legible and not included in the transcription.༽ ༼༥༠༦༽ འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཐེག་པ་ཆེན་པོ་རྒྱུད་བླ་མའི་སྤྱི་དོན་ལ་མན་ངག་གསུམ་ཏེ། འབྲས་བུ་དཀོན་མཆོག་གསུམ་དུ་བསྟན་པ་དང་། ཁམས་རང་བཞིན་གྱིས་དག་པ་སྙིང་པོ་ཡེ་ཤེས་རྒྱུའི་ངོ་བོར་བསྟན་པ་དང་། རྐྱེན་ཡེ་ཤེས་དེ་ཐོབ་པ་བྱང་ཆུབ་ཡོན་ཏན་ནོ།། རྒྱུ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་དོན་བཅུ་སྟེ། ངོ་བོ་རྒྱུ་འབྲས་ལས་ལྡན་པ་ལ་སོགས་པའོ།། དེ་ཡང་སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ལ་དྲིལ་ནས་ཉམས་སུ་ལེན་པ་ལ་གསུམ་སྟེ། འཁོར་བ་དང་མྱང་ངན་ལས་འདས་པའི་འགྱུར་བ་མེད་པ་དང་། གནས་སྐབས་གསུམ་དུ་འགྱུར་བ་མེད་པ་དང་། སེམས་ཀྱི་ཆོས་ཉིད་རྟོགས་པས་སངས་རྒྱས་པར་བསྟན་པའོ།། དང་པོ་ལ་གཉིས་ཏེ། འཁོར་བའི་དུས་སུ་སེམས་ཀྱི་ཆོས་ཉིད་མ་དག་པར་མི་འགྱུར་བ་དང་། མྱ་ངན་ལས་འདས་པའི་དུས་ན་དག་པར་མི་འགྱུར་རོ།། གནས་སྐབས་གསུམ་དུ་འགྱུར་བ་མེད་པ་གསུམ་ཏེ། རྒྱུ་སོ་སོ་སྐྱེ་བོའི་དུས་ན་ཆོས་ཉིད་འགྱུར་བ་མེད་པ་དང་། རྐྱེན་འཕགས་པའི་དུས་ན་སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་དང་། འབྲས་བུ་སངས་རྒྱས་ཀྱི་དུས་ན་འགྱུར་བ་མེད་པའོ།། རྒྱུ་ལ་གསུམ་སྟེ། སེམས་ཀྱི་རང་བཞིན་ཆོས་ཉིད་དག་པ་ཡིན་པ་དང་། དེ་ལས་རྟོག་པ་བྱུང་ནས་སྐྱེ་འཆི་མྱོང་བ་དང་། སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟར་སྐྱེ་འཇིག་མེད་པའོ།། རྟོག་པ་ལས་སྐྱེ་འཆི་མྱོང་བ་གསུམ་ཏེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འཇིག་པ་མེད་པའོ།། དེ་ལྔ་སྟེ། སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་དང་། དེ་ལས་རྟོག་པ་བློ་བུར་བ་རླུང་ལྟ་བུ་འབྱུང་བ་དང་། རྟོག་པ་བློ་བུར་མ་ཤེས་པས་ལས་དང་ཉོན་མོངས་པ་ཆུ་ལྟ་བུ་འབྱུང་བ་དང་། དེ་ལས་སྐྱེ་བ་ས་ལྟ་བུ་དང་། རྒས་པ་དང་ན་བ་དང་འཇིག་པའོ།། དེའི་དུས་ན་སེམས་ཀྱི་ཆོས་ཉིད་སྐྱེ་འཆི་དང་བྲལ་བའི་དོན་འགྱུར་བ་མེད་པ་ལྔ་སྟེ། སེམས་ཀྱི་རང་བཞིན་ཆོས་ཉིད་ནམ་མཁའ་ལྟར་འགྱུར་བ་མེད་པ་དང་། ཚུལ་བཞིན་མ་ཡིན་པའི་རྟོག་པ་བློ་བུར་བྱུང་བས་མ་གོས་པ་དང་། ལས་དང་ཉོན་མོངས་པའི་ཆུས་མ་གོས་པ་དང་། སྐྱེ་བའི་སས་མ་གོས་པ་དང་། འཇིག་པའི་མེས་མ་གོས་པའོ།། རྐྱེན་འཕགས་པའི་དུས་ན་འགྱུར་བ་མེད་པ་གསུམ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་མ་བཅོས་པར་ངོ་སྤྲོད་པ་དང་། དེ་ལས་རྟོག་པ་བློ་བུར་དུ་བྱུང་བར་ངོ་སྤྲོད་པ་དང་། སྐྱེ་འཆིའི་སྡུག་བསྔལ་ཆོས་ཉིད་ངོ་སྤྲོད་པའོ།། རྣམ་རྟོག་བློ་བུར་དུ་ངོ་སྤྲོད་པ་བཞི། ཆོས་ཉིད་ལས་རྟོག་པ་མི་སྐྱེ་བར་རིགས་པ་དང་། རྟོག་པ་སྐྱེས་པ་རྩ་བ་མེད་པ་དང་། རྩ་བ་མེད་པ་ལས་རྟོག་པ་བྱུང་བ་རྫུན་པ་དང་། རྫུན་པ་དེ་ཆོས་ཉིད་དུ་ངོ་ཤེས་པའོ།། དེ་ལ་འོད་གསལ་བཞིའི་གདམ་ངག་གོ། ཉོན་མོངས་པ་བློ་བུར་བར་ངོ་སྤྲོད་པ་བཞི། སེམས་ཀྱི་རང་བཞིན་གྱིས་དག་པར་ངོ་ཤེས་པ་དང་། དེའི་ངོ་བོ་ཉོན་མོངས་པ་གདོད་ནས་ཟད་པར་ཤེས་པ་དང་། དེ་རྟོགས་ན་ཉོན་མོངས་པ་བྱུང་བ་དང་ཆོས་ཉིད་དུ་ཞི་བར་ངོ་ཤེས་པ་དང་། མ་རྟོགས་པ་ལ་སྙིང་རྗེ་བྱའོ།། སྡུག་བསྔལ་ཆོས་ཉིད་དུ་ངོ་སྤྲོད་པ་ལྔ། ལས་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའོ།། ལས་གསུམ་རང་བཞིན་ལས་ཟད་པ་ནམ་མཁའ་ལྟ་བུ་དང་། ལས་ཀྱི་སྣང་བ་རྨི་ལམ་ལྟ་བུར་ངོ་ ༼༥༠༦༽ཤེས་པ་དང་། མ་རྟོགས་པ་ལ་སྙིང་རྗེ་དང་། རྟོགས་ན་ཆོས་ཉིད་དུ་ངོ་ཤེས་པར་བྱའོ།། དང་པོ་ལ་གསུམ། ལས་ཀྱི་སེམས་ཀྱི་རང་བཞིན་འཁོར་བར་སྐྱེ་མི་སྲིད་པར་ཤེས་པར་བྱ་བ་དང་། ཇི་ལྟ་བའི་དོན་རྟོགས་པ་ལ་སྐྱེ་བ་མེད་པར་ངོ་ཤེས་པར་བྱ་བ་དང་། མ་རྟོགས་པ་ལ་སྙིང་རྗེ་བྱ་བའོ།། ལས་ཀྱི་སྣང་བ་ལ་བཞི། རྩ་བ་འོད་གསལ་དུ་ངོ་ཤེས་པ། རྒྱུ་རྣམ་རྟོག་ཏུ་ངོ་ཤེས་པ། རྐྱེན་ཉོན་མོངས་པར་ཤེས་པ། འབྲས་བུ་སྡུག་བསྔལ་བར་ཤེས་པའོ།། མ་རྟོགས་པ་ལ་སྙིང་རྗེ་བྱ་བ་གསུམ། སྐྱེ་བ་ལ་སྙིང་རྗེ་བ་དང་། གནས་པ་ལ་སྙིང་རྗེ་བ་དང་། འཇིག་པ་ལ་སྙིང་རྗེ་བྱ་བའོ།། ཆོས་ཉིད་དུ་ངོ་ཤེས་པ་གསུམ། སྐྱེ་བ་མེད་པར་ཤེས་པ། གནས་པ་མེད་པར་ཤེས་པ། འཇིག་པ་མེད་པར་ཤེས་པའོ།། སྐྱེ་བ་མེད་པ། དྲི་མ་མེད་པར་ངོ་ཤེས་པ། ལས་དང་ཉོན་མོངས་པ་སྐྱེ་བ་མེད་པ། རྣམ་སྨིན་སྐྱེ་བ་མེད་པའོ།། རྒ་བ་མེད་པ་གསུམ། མ་སྐྱེས་པ། མ་འགགས་པ། མི་གནས་པའོ།། ལུས་ན་བ་ནམ་མཁའ་ལྟར་གཞིག་པ་དང་། སེམས་ན་བ་འོད་གསལ་དུ་ཤེས་པར་བྱའོ།། ལུས་འཆི་བ་བདག་མེད་པར་འཆི་བ་དང་། སེམས་འཆི་བ་རྟོག་པ་འོད་གསལ་དུ་འཆི་བའོ།། གནས་པ་ལ་གསུམ། ལས་དང་ཉོན་མོངས་པ་ལ་གནས་པ་དང་། རྟོག་པ་ལ་གནས་པ། རྟོག་པ་འོད་གསལ་ལ་གནས་པའོ།། རྟོག་པ་འོད་གསལ་དུ་འཆི་བ་ལྔ། རང་བཞིན་འོད་གསལ་བསྒོམ་པ་དང་། དེ་འཁོར་བར་སྐྱེ་བ་མེད་པ་དང་། ཆོས་ཉིད་ཡིན་པས་མི་རྒས་པ་དང་། སྒྲིབ་པ་མེད་པས་མི་ན་བ་དང་། མ་བྱས་པས་འཆི་བ་མེད་པའོ།། དེ་ལྔ་རང་བཞིན་འོད་གསལ་འགྱུར་བ་མེད་པ། བློ་བུར་གྱི་སྡུག་བསྔལ་ཞི་བ་ཆོས་ཉིད་དུ་ངོ་སྤྲོད་པའོ།། དེ་ལ་འཁོར་འདས་གཉིས་སུ་མི་ལྡོག་པའི་ཁྲིད་གཉིས་ཏེ། འཁོར་བར་སྐྱེ་མ་མྱོང་བ་དང་། ཐར་པ་ཐོབ་མི་སྲིད་པའོ།། དང་པོ་ལ་གསུམ་ཏེ། རང་གི་སེམས་ཀྱི་ཆོས་ཉིད་རྟོགས་པ་དང་འཁོར་བར་སྐྱེ་མི་སྲིད་པ་དང་། གཞན་འཁོར་བར་མ་སྐྱེས་པ་དང་། འཁོར་བའི་སྡུག་བསྔལ་བདེན་ན་ལམ་བསྒོམས་པས་གྲོལ་བ་མི་སྲིད་པའོ།། ཐར་པ་མི་ཐོབ་པ་ལ་གསུམ། སྡུག་བསྔལ་རང་བཞིན་ཡིན་ན་ཐར་པའི་ལམ་མི་འབྱུང་བ་དང་། ལམ་གྱིས་མི་གྲོལ་བ་དང་། གྲོལ་ཀྱང་སྡུག་བསྔལ་མི་ཞི་བའོ།། ཤེས་རབ་ཐུག་ཕྲད་སྙིང་རྗེ་ཐུག་ཕྲད་དང་། རང་ལ་ཤེས་རབ་མ་འགགས་པ་མྱང་ངན་ལས་འདས་པ་དང་། གཞན་ལ་འཁོར་བར་སྣང་བའི་ཐུགས་རྗེ་མ་འགགས་པའོ།། གདམ་ངག་རྒྱུ་ཁམས་དང་བསྲེའོ།། འབྲས་བུ་སངས་རྒྱས་ཀྱི་སྙིང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་ཤེས་པའི་ཡེ་ཤེས་། ཡིད་ཀྱི་ལུས་ཀྱི་སྐྱེ་བ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་འཆི་བ་མེད་པ་དང་། བག་ཆགས་ཕྲ་མོའི་ན་བ་མེད་པ་དང་། ཟག་མེད་ཀྱི་ལས་རྒ་བ་མེད་པ་དང་། ཆོས་ཉིད་ཀྱི་སྐུ་ཇི་ལྟར་གནས་པ་ལྟར་ཐོབ་པའོ།། འདི་ལ་སེམས་ཉིད་ཆོས་སྐུ་རྟོགས་པའི་ཚེ། སྔོན་འཁོར་བར་སྐྱེ་མ་མྱོང་པ་དང་། ཕྱིས་མྱང་ངན་འདས་པར་འཆི་བ་མྱོང་པ་དང་། འཁོར་བ་དང་མྱང་ངན་ལས་འདས་པའི་རྟོག་པའི་ན་བ་མེད་པའོ།། ཟག་པ་མེད་པའི་འདུས་བྱས་ཀྱི་ཡེ་ཤེས་རྒ་བ་མེད་པའོ།། །།